རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སུ་ཐན་ནང་མུ་མཐུད་དུ་དཀའ་ངལ་ཅན་གྱི་སྲིད་བྱུས་སྤེལ་བཞིན་པའི་ཐད་རྒྱལ་ཚོགས་ཀྱིས་སྐྱོན་བརྗོད་གནང་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་གྱིས་ཤར་ཏུར་ཀིསུ་ཐན་ནམ་ཤིན་ཅང་ནང་རྒྱ་ནག་གཞུང་གིས་སྡུག་སྤྱོང་མནར་གཅོད་ཀྱི་སྲིད་བྱུས་སྤེལ་བཞིན་པ་དེའི་ཐད་སེམས་ཚབས་ཡོད་པ་གསུང་བ་དང་སྤྲགས། གནད་དོན་དེ་སེལ་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུས་པར་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ནས་དགའ་བསུ་ཞུས་པ་དང་མཉམ་རྒྱ་ནག་གཞུང་ལ་གནོན་ཤུགས་སྔར་ལས་ཆེ་ཙམ་སྤྲོད་དགོས་པ་བརྗོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་(Volker Turk)་ལགས་ཀྱིས་འདི་ཚེས་༢༧ གཟའ་མིག་དམར་ཉིན། ཤར་ཏུར་ཀི་སུ་ཐན་ནམ་ཤིན་ཅང་ནང་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་ནས་འགྲོ་བ་མིའི་མི་ཆོས་རིང་ལུགས་ལ་གནོད་འཚེ་བྱེད་པའི་ཉེས་བ་ཆེན་པོ་བསགས་བཞིན་པ་ལྟར་ཆགས་ཀྱི་ཡོད་པས་ནག་ཉེས་དེ་དངོས་སུ་ར་སྤྲོད་ཆེད་དུ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་དགོས་པའི་འབོད་སྐུལ་ཞུས་བ་དང་། ད་དུང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་དང་ཤར་ཏུར་ཀི་སུ་ཐན་ཐེ་བའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གཙོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ལ་རྡོག་རོལ་གཏོང་བཞིན་པའི་སྲིད་ཇུས་ཁག་ལ་བསྐྱར་ཞིབ་དགོས་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་གཞི་ཁག་དང་འགལ་བའི་རྒྱ་ནག་གི་བྱ་སྤྱོད་རིགས་ལ་མུ་མཐུད་དུ་རྟོག་ཞིབ་བྱེད་བཞིན་ཡོད་སྐོར་བརྗོད་འདུག
འདི་ནི་དེ་སྔོན་ལོ་གཉིས་ཀྱི་གོང་སྐབས་དེ་དུས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་(Michelle Bachelet)་ལགས་ཀྱིས་ཤར་ཏུར་ཀི་སུ་ཐན་སྐོར་ལ་ཡུན་རིང་རེ་སྒུག་བྱས་པའི་སྙན་ཐོ་ཞིག་ཁོང་གི་ལས་ཡུན་མཇུག་སྒྲིལ་པའི་ཉིན་མཐའ་མར་བཏོན་ནས་ལོ་གཉིས་ཕྱིན་པའི་རྗེས་བྱུང་བ་ཞིག་ཆགས་ཀྱི་ཡོད་པ་རེད།
ད་རེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་(Volker Turk)་ལགས་གྱིས་སྤྱིར་གཙོ་འཛིན་ཟུར་པ་(Michelle Bachelet)་ལགས་ཀྱིས་དེ་སྔོན་ཤོག་གྲངས་༤༦་ནང་སྤེལ་བའི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱིས་ཡུ་གུར་མི་རྣམས་འཛིན་བཟུང་དང་། བྱིས་པ་ནང་མི་དང་ཁ་བྲལ་བཅུག་པ་སོགས་ཀྱི་ནང་དོན་སྤེལ་བའི་གནད་དོན་ཁག་རྒྱ་ནག་གཞུང་གིས་སེལ་ཐབས་བྱེད་དགོས་པའི་འབོད་སྐུལ་ཡང་ཡང་བྱེད་ཀྱི་ཡོད་པ་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་ལྡན་པའི་ལས་དོན་སྤེལ་ཐབས་བྱེད་བཞིན་པར་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཁ་རྡུང་དྲག་པོ་ཐོག་ནས་སྐྱོན་བརྗོད་བྱས་པ་དང་། མི་དགའ་བའི་རྣམ་འགྱུར་ཤུགས་ཆེན་སྟོན་གྱི་ཡོད་པ་རེད།
ཇར་མན་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་(Kai Muller)་ལགས་ཀྱིས། གོང་ཞུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གསལ་བསྒྲགས་དེའི་ཚིག་བརྗོད་སྟངས་ཐོག་ནས་བལྟས་ན་རྒྱ་ནག་ལ་གནས་ཚུལ་ཁ་གསལ་པོ་བཤད་རྒྱུར་གཡོལ་ཐབས་ཀྱི་རྣམ་པ་འདུག དཔེར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ནས་རྒྱ་ནག་དང་གོ་བསྡུར་བརྗེ་ལེན་བྱེད་ཀྱི་ཡོད་ཅེས་བརྗོད་པ་ལས་ཐད་ཀར་རྒྱ་ནག་ལ་འཛུབ་མོ་བཙུགས་ནས་གནད་དོན་བརྗོད་ཐུབ་ཀྱི་ཡོད་པའི་རྣམ་འགྱུར་བསྟན་མེད་པས། དེ་ནི་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་གནད་དོན་ཡོད་པ་བརྗོད་སྟངས་དོན་དངོས་དང་མཐུན་གྱི་མི་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་རེས་གོང་ཞུས་ཀྱི་གསལ་བསྒྲགས་དེའི་ནང་བོད་རང་སྐྱོང་ལྗོངས་ཞེས་མིང་ཙམ་བཏོན་པ་ལས་བོད་མི་གནས་སྡོད་ས་ཁུལ་གཞན་དང་། བོད་ནང་གི་དཀའ་ངལ་སོགས་ཀྱི་གནད་དོན་ཐད་ལ་གང་ཡང་གླེང་མེད་པ་རེད། ཡིན་ནའང་རྒྱ་ནག་གཞུང་གིས་མགོ་ལོག་ར་རྒྱར་ཡོད་པའི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སློབ་གྲྭ་སྒོ་བརྒྱབ་པ་དང་། བོད་ཕྲུག་བྱིས་པ་ཁྲི་ཕྲག་མང་པོ་བཙན་གྱིས་ཕ་མ་དང་ཁ་བྲལ་བཅུག་ནས་བཅའ་སྡོད་སློབ་གྲྭ་ལ་བཅུག་པ་སོགས་ཀྱི་གནད་དོན་གཙོས་བོད་ནང་གི་གནས་སྟངས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཤེས་རྟོགས་ཡོད་པའི་ཁར། བོད་ཀྱི་སྐོར་ལ་ཞུ་གཏུག་རིམ་པ་འགྲོ་དང་འགྲོ་མུས་ཡིན་པ་ལ་བརྟེན་ནས་བཟང་ཕྱོགས་ཀྱི་ནུས་པ་ཡོང་ངེས་ཡིན་པ་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་དང་ཆེད་མཁས་བ་ཁག་ཅིག་གིས་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།
འགྲོ་བ་མིའི་ཐོང་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལས་ཚབ་(Maya Wang)་ལགས་ཀྱིས་བོད་དང་ཤིན་ཅང་གཉིས་ཀྱི་ནང་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་གཅིག་མཚུངས་སྤེལ་ཀྱི་ཡོད་ནའང་། ངོ་བོ་འདྲ་བོ་མེད་པའི་ཁར། རྒྱ་ནག་གཞུང་གི་སྲིད་བྱུས་དམིགས་ཡུལ་ཡང་གཅིག་པ་མིན་པས་སྲིད་བྱུས་སྤེལ་སྟངས་ཡང་གང་མཚམས་འདྲ་བོ་མེད་པ་འདི་གའི་རླུང་འཕྲིན་ཁང་གི་ཡིག་ཐོག་བཅར་འདྲིར་དགོངས་ཚུལ་བརྗོད་འདུག ད་དུང་ཁོང་གིས་ང་ཚོ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་བ་༥༠། གཞན་ཡང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་མཉམ་རུབ་ཀྱི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་གཞུང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་བོད་ནང་དང་། ཤིན་ཅང་། དེ་བཞིན་ཧོང་ཀོང་དང་རྒྱ་ནག་བཅས་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནད་དོན་ཐད་ལ་ཞིབ་འཇུག་སོགས་ཐེ་བའི་རྒྱ་ནག་ལ་དམིགས་བསལ་འདྲི་རྩད་ཀྱི་སྒོ་མོ་ཕྱེ་རྒྱུར་ཤུགས་གནོན་རྒྱག་དགོས་པའི་རེ་སྐུལ་ཞུས་ཡོད་ཅེས་བརྗོད་འདུག
གཟའ་མིག་དམར་ཉིན་(Volker Turk)་ལགས་ཀྱི་ལས་ཁུངས་ནས་ཡུ་གུར་མི་རིགས་སྡོད་གནས་བྱས་པའི་ཤིན་ཅང་ནང་གི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་ཡང་ཡང་བྱེད་ཀྱི་ཡོད་པའི་གསལ་བསྒྲགས་སྤེལ་བ་དེའི་ནང་། ཤིན་ཅང་ནང་གནད་དོན་ཅན་གྱི་ཁྲིམས་ལུགས་དང་སྲིད་བྱུས་མུ་མཐུད་དུ་ཡོད་མུས་ཡིན་པ་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོས་འབྲེལ་ཡོད་སྲིད་གཞུང་ལ་དེའི་ཐད་ནས་འགྲོ་བ་མིའི་ཐོབ་ཐང་གི་ལྟ་སྟངས་དང་། ཁྲིམས་ལུགས་གཞི་འཛིན་བཞིན་རྒྱལ་ཁབ་བདེ་འཇགས་དང་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་ཀྱི་ལས་དོན། དེ་བཞིན་མི་རིགས་དབྱེ་འབྱེད་ལ་ཁ་གཏད་ཀྱིས་གྲངས་ཉུང་མི་རིགས་སྲུང་སྐྱོང་གོང་འཕེལ་གཏོང་ཐབས་ཀྱི་ཐོབ་ནས་བསྐྱར་ཞིབ་ཆ་ཚང་བྱེད་དགོས་པའི་འབོད་སྐུལ་བསྐྱར་དུ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག
ད་རེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་གསར་དུ་སྤེལ་བའི་གསལ་བསྒྲགས་དེའི་ཐད་ལ་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་དང་། ཆེད་མཁས་བ་ཚོས་དགའ་བསུ་ཞུས་པ་དང་སྦྲགས། དེ་སྔོན་སྤྱི་ལོ་༢༠༢༢་ལོའི་ཟླ་བརྒྱད་པ་ནང་བཏོན་པའི་སྙན་ཐོ་སྤེལ་ཡོད་ནའང་། ཤར་ཏུར་ཀི་སུ་ཐན་ནང་གི་གནས་སྟངས་ཡར་རྒྱས་སོང་མེད་པས་རྒྱ་ནག་གཞུང་ལ་གནོན་ཤུགས་ཆེ་ཙམ་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག
གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།