རྒྱ་ནག་གིས་བཏང་བའི་ལྒང་ཕུག་ཅིག་ཨ་རིའི་མཁའ་དབྱིངས་ནས་རྙེད་རྗེས་ཕྱི་སྲིད་དྲུང་ཆེ་མཆོག་གི་འཚམས་གཟིགས་ཕྱིར་འགྱངས་བྱས་འདུག
རྒྱ་ནག་གིས་གསང་བའི་གནས་ཚུལ་བསྡུ་རུབ་ཆེད་བཏང་བ་དྭོགས་གཞི་ཡོད་པའི་དབུགས་ལྒང་ངམ་ལྒང་ཕུག་ཅིག་ཨ་རིའི་མོན་ཊེ་ནཱ་(Montana)་མཁའ་དབྱིངས་ནས་རྙེད་སོན་བྱུང་བ་ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་འགྲེལ་་བརྗོད་བྱས་ཡོད་པ་དང་། གནས་ཚུལ་དེ་ནི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་(Antony Blinken)་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚམས་གཟིགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་དང་མཇལ་འཕྲད་གནང་རྒྱུ་ཡིན་པའི་གནས་ཚུལ་མ་ཐོན་གོང་གི་ཉིན་གྲངས་ཁ་ཤས་སྔོན་བྱུང་བ་ཡིན་པར་བརྟེན། ད་ཆ་ཕྱི་སྲིད་དྲུང་ཆེ་མཆོག་གི་རྒྱ་ནག་གི་འཚམས་གཟིགས་ཕྱིར་འགྱངས་བྱས་ཡོད་འདུག
དོགས་གཞི་ཅན་གྱི་གནས་ཚུལ་དེ་ཐོན་རྗེས། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་(Kevin McCarthy)་ལགས་ཀྱིས་གཟའ་ཕུར་བུའི་ཉིན་གྱི་དགོང་མོ། རྒྱལ་ཁབ་དེའི་མཐོ་རིམ་གསང་བའི་གནས་ཚུལ་བསྐྱར་ཞིབ་སྐོར་ཀྱི་འགན་བཞེས་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་བརྒྱད་ཞུ་བ་ཁོང་ཚོ་ཛ་དྲག་གི་ཚོགས་འདུར་བསྐོང་ཡོད་པ་དང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་(McCarthy)་ཡིས་(Tweet)་དྲྭ་བར། རྒྱ་ནག་གིས་ངོ་ཚ་མེད་པར་སྣང་མེད་གྱིས་ཨ་རིའི་ས་ཁོངས་བདག་དབང་ལ་བརྟན་ལྷིང་མེད་པ་བཟོ་བཞིན་པའི་བྱ་སྤྱོད་ལ་ངེས་པར་དུ་གདོང་ལེན་བྱེད་དགོས་པ་རེད་ཅེས་བཀོད་ཡོད་པ་རེད།
ཨ་རིའི་རྒྱལ་སྲུང་དམག་དོན་ཁང་གིས། ཁོང་ཚོས་གཟའ་ཕུར་བུའི་ཉིན་ཨ་རིའི་མཁའ་དབྱིངས་སུ་རྒྱ་ནག་གིས་ཆེད་གཏོང་བྱས་བའི་དྭོགས་གཞི་ཅན་གྱི་ལྒང་ཕུག་དེ་སྔ་ས་ནས་རྙེད་སོན་བྱུང་བ་དང་། དེ་ལ་རྗེས་འདེད་གཏོང་བཞིན་ཡོད་པ་བརྗོད་ཡོད་པ་རེད། ལྒང་ཕུག་དེ་ནི་བར་སྣང་གི་ཚོང་དོན་གནམ་གྲུ་འཕུར་བསྐྱོད་ཀྱི་ལམ་མཐུད་གོང་དུ་འཕུར་བཞིན་ཡོད་པས་ས་ཐོག་ཏུ་ཡོད་པའི་མི་དམངས་ཚོར་ཉེན་ཚབས་བཟོ་བཞིན་པ་ཞིག་མཐོང་གི་མེད་པ་ཨ་རིའི་དམག་དོན་ཁང་གི་མགྲིན་ཚབ་པ་(Brig. Gen.Patrick Ryder)་གྱིས་གསལ་བསྒྲགས་ཞིག་གི་ནང་བརྗོད་འདུག
དེའི་ཐད་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས། ལྒང་ཕུག་དེ་ནི་དམངས་སྤྱོད་མཁའ་འགྲུལ་གྱི་ཡོ་ཆས་ཞིག་ཡིན་པ་དང་། གཙོ་བོ་གནམ་གཤིས་ཞིབ་འཇུག་གི་ཆེད་རེད། ད་ཐེངས་དེ་བསམ་བཞིན་དུ་མ་ཡིན་པར་ཨ་རིའི་མཁའ་དབྱིངས་སུ་ཤོར་བ་བློ་འགྱོད་བྱུང་ཞེས་འགྲིག་མེད་པའི་རྣམ་འགྱུར་བསྟན་འདུག
གསར་འགོད་པ། གུ་རུ་ཆོས་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།