ཨ་རིས་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁག་ཅིག་ཁྲིམས་སར་འབོད་འགུག་བྱས་འདུག

2021-03-18
Share
ཨ་རིས་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁག་ཅིག་ཁྲིམས་སར་འབོད་འགུག་བྱས་འདུག ཨ་རིའི་རྒྱལ་དར་དང་རྒྱ་ནག་གི་ཧཱ་ཝེ་རྩིས་འཁོར་སྲ་སྡེར།
Reuters

རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁག་གཅིག་གིས་ཨ་རིའི་རྒྱལ་ནང་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་མེད་གཟིགས་ཞིབ་ཆེད་ཁྲིམས་སར་འབོད་འགུག་གི་བཀའ་ཤོག་བཏང་འདུག
ཨ་རིའི་ཚོང་དོན་ལས་ཁང་གི་དྲུང་ཆེ་ལྕམ་(Gina Raimondo)ལགས་ཀྱིས་འདི་ཚེས་༡༧ཉིན་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་ཁོང་ཚོའི་ཁེ་གཉེར་ལས་ཁང་ཁག་ཅིག་བརྒྱུད་ཨ་མི་རི་ཀ་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་བཟོ་རྩལ་རིག་གནས་ཀྱི་རྣོ་ངར་མེད་པ་བཟོ་བ་དང་། ཨ་རིའི་རྒྱལ་ནང་གི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་མེད་བརྟག་དཔྱད་ཆེད་ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁག་ཅིག་ཁྲིམས་སར་འབོད་འགུག་གི་བཀའ་ཤོག་བཏང་ཡོད་པ་དང་། དེ་བརྒྱུད་ནས་གནས་ཚུལ་བསྡུ་རུབ་བྱུང་བ་ཁག་ལ་གཞིགས། ཨ་རིའི་ཚོང་དོན་ལས་ཁང་གིས་ཨ་རིའི་ཁེ་གཉེར་ལས་ཁང་ཁག་དང་། ལས་མི། ལྷག་པར་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་ཡག་ཤོས་གནང་ཕྱིར་རྒྱ་ནག་གི་ཁེ་གཉེར་ལས་ཁང་དེ་དག་གི་ཐོག་སྲིད་ཇུས་བྱེད་ཐབས་ག་རེ་སྤེལ་དགོས་མིན་ཐག་གཅོད་བྱེད་ཐུབ་རྒྱུ་ཡིན་ལུགས་གསུངས་འདུག
གོང་ཞུས་བསྒྲགས་གཏམ་དེའི་ནང་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁག་གང་ཡིན་མིང་འདོན་དངོས་སུ་བྱས་མེད་ན་ཡང་། རྒྱ་ནག་གི་ཧཱ་ཝེ་(Huawei)ཁེ་གཉེར་ཁང་དང་། (ZTE )ཞེས་པའི་ཁེ་གཉེར་ལས་ཁང་ཁག་གིས་ཨ་རིའི་རྒྱལ་ནང་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་བཟོ་བཞིན་པ་ཨ་རིའི་སྲིད་འཛིན་གོང་མ་(Trump)གཞུང་འཛིན་གྱི་སྐབས་ནས་ངོས་འཛིན་གྱིས་ཁེ་གཉེར་ལས་ཁང་དེ་དག་ཨ་རིའི་ཆ་འཕྲིན་ལས་ཁང་གི་རྨང་གཞིའི་ནང་ནས་ཕྱིར་འབུད་གཏོང་རྒྱུའི་དམིགས་ཚད་བཟུང་ཡོད་པ་རེད།
ཨ་རིའི་ཚོང་པ་ཚོས་དགག་པ་རྒྱབ་མིན་ལ་མ་བལྟོས་པར། ད་ལྟའི་ཨ་རིའི་སྲིད་འཛིན་(Joe Biden)ལགས་ཀྱིས་ཨ་རིའི་སྲིད་འཛིན་གོང་མ་(Trump)གཞུང་འཛིན་གྱི་དུས་སྐབས་སུ། ཨ་རིའི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་བཟོ་མཁན་རྒྱ་ནག་གི་བཟོ་རྩལ་རིག་གནས་ཀྱི་ཁེ་གཉེར་ལས་ཁང་ཁག་ལ་དམིགས་ཚད་བཟུང་བའི་སྒྲིག་གཞི་ཁག་ལག་བསྟར་གནང་རྒྱུ་ཡིན་སྐོར་ཟླ་བ་སྔོན་མའི་ནང་གསུངས་ཡོད་པ་རེད། ཡང་ཨ་རིའི་སྲིད་འཛིན་གོང་མ་(Trump)ལགས་ཀྱི་ལས་ཡུན་ཉིན་མཐའ་མའི་སྐབས་སུ། གོང་གི་སྒྲིག་གཞི་ཁག་ཉིན་གྲངས་༦༠འི་དུས་ཡུན་ནང་མང་ཚོགས་ཀྱིས་མཆན་འགྲེལ་བཀོད་ཆོག་པ་དང་། དེའི་རྗེས་སུ་ལག་བསྟར་བྱེད་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད། ཨ་རིའི་ཚོང་དོན་ལས་ཁང་གིས་སྒྲིག་གཞི་དེ་དག་འདི་ལོའི་ཕྱི་ཟླ་༣ཚེས་༢༢ཉིན་དངོས་སུ་ལག་བསྟར་མ་བྱས་གོང་ལ་མི་མང་གི་མཆན་འགྲེལ་ཁག་ཁས་ལེན་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།