ཨ་རིས་རྒྱ་ནག་གི་ཁེ་གཉེར་བཟོ་གྲྭ་ཉེར་བཞི་མིང་ཐོ་ནག་པོའི་ནང་བཅུག་ནས་ཉེས་ཆད་འགེལ་རྒྱུ།

2020-08-27
གློག་འཕྲིན།
མཆན།
Share
པར་བཀོད།
ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་ཨ་མི་རི་ཀའི་མཚོ་དམག་གི་གྲུ་གཟིངས་དང་གནམ་གྲུ ༢༠༢༠།༧།༦
ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་ཨ་མི་རི་ཀའི་མཚོ་དམག་གི་གྲུ་གཟིངས་དང་གནམ་གྲུ ༢༠༢༠།༧།༦
AP

ཨ་མི་རི་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་དང་འབྲེལ་ནས་རྒྱ་ནག་གི་ཁེ་གཉེར་བཟོ་གྲ་ཉེར་བཞི་དང་དེར་འབྲེལ་བ་ཡོད་པའི་མི་སྣ་བཅས་ལ་ཉེས་ཆད་འགེལ་རྒྱུ་བསྒྲགས་འདུག
ཨ་མི་རི་ཀས་འདི་ཚེས་༢༦་རེས་གཟའ་ལྷག་པའི་ཉིན། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་བཅོས་མའི་གླིང་ཕྲན་ཐོག་རྒྱ་ནག་གིས་སྤེལ་བཞིན་པའི་འཛུགས་བསྐྲུན་དང་དམག་དོན་གྱི་ལས་གཞི་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་ཁེ་གཉེར་ལས་ཁང་༢༤་ཐོ་གཞུང་ནག་པོའི་ནང་བཅུག་ནས་ཉེས་ཆད་འགེལ་རྒྱུ་དང་། དེ་བཞིན་ལས་གཞི་དེ་དག་དང་འབྲེལ་བའི་རྒྱ་ནག་གི་མི་སྣ་ཚོའི་ཐོག་ཉེས་ཆད་བཀེལ་ནས་ཨ་རིའི་ནང་ཡོང་རྒྱུ་བཀག་སྡོམ་བྱེད་རྒྱུ་བསྒྲགས་ཡོད་པ་དང་། དེ་ནི་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་དང་འབྲེལ་ཨ་རིས་རྒྱ་ནག་གི་ཐོག་དམ་དྲག་གནང་བ་ཐོག་མ་དེ་ཡིན་པ་རེད།
གཟའ་ལྷག་པའི་ཉིན། ཨ་མི་རི་ཀའི་ཚོང་དོན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ནས། རྒྱ་ནག་གི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྩོད་གཞི་ཡོད་པའི་མིས་བཟོས་གླིང་ཕྲན་ཁུལ་གྱི་རྒྱ་ནག་གི་དམག་དོན་གྱི་ལས་གཞིར་ཁེ་གཉེར་ལས་ཁང་ཉི་ཤུ་རྩ་གྲངས་ཞིག་གིས་རོགས་པ་བྱས་པར་སྐྱོན་བརྗོད་གནང་ཡོད་པ་རེད། དེ་མིན་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་ཀྱང་ཟུར་དུ་གསལ་བསྒྲགས་སྤེལ་ནས། ལས་གཞི་དེའི་ནང་འགན་འཁུར་པའམ། ཡང་ན་ངན་ཇུས་མཉམ་འགོད་བྱེད་མཁན་ཚོར་ཕྱི་སྲིད་ལྷན་ཁང་ནས་(visa)་ཐོངས་མཆན་བཀག་བསྡོམས་བྱེད་རྒྱུ་ཡིན་པ་བཀོད་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས། ཕྱི་ལོ་༢༠༡༣་ལོ་ནས་བཟུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁོ་ཚོའི་རྒྱལ་གཉེར་ཁེ་ལས་ཁང་བེད་སྤྱོད་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྒྱ་ཁྱོན་ཨེག་ཀ་གསུམ་སྟོང་བརྒལ་བའི་ལས་གཞི་སྤེལ་ནས་ས་ཁུལ་དེའི་ལྷིང་འཇགས་ལ་གཏོར་ཤིག་དང་། དེའི་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདག་དབང་ལ་རྡོག་རོལ་བཏང་པ། ཁོར་ཡུག་ལའང་བརྗོད་མི་ཐུབ་པའི་སྦག་བཙོག་བཟོས་ཡོད་པ་གསུང་འདུག
གཟའ་ལྷག་པའི་ཉིན་མོར་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་ཤིག་གིས་གསར་འགོད་གསལ་བསྒྲགས་ཐོག ཕྱི་སྲིད་ལྷན་ཁང་དང་ཚོང་དོན་ཁང་གཉིས་ཀྱིས་ཟླ་བ་སྔོན་མའི་ནང་། ཨ་མི་རི་ཀས་རྒྱ་ནག་གི་ལྷོ་རྒྱ་མཚོའི་ཁུལ་གྱི་བདག་དབང་གི་ལངས་ཕྱོགས་ཐད་སྲིད་ཇུས་གསར་པ་ཞིག་གསལ་འདོན་གནང་བ་ཡིན་པ་ཁྱབ་བསྒྲགས་གནང་ཡོད་པ་རེད།
ཨ་རིའི་ཐོ་གཞུང་ནག་པོའི་ནང་ཚུད་པའི་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁོངས་སུ། ཀོང་ཀྲོའུ་ཧཡི་ཇེ་འབྲེལ་ལམ་ཁེ་གཉེར་ལས་ཁང་དང་། རྒྱ་ནག་གི་གནས་འཕྲིན་འབྲེལ་ལམ་བཟོ་བསྐྲུན་ལས་ཁང་། དེ་བཞིན་རྒྱ་ནག་གི་གློག་འཕྲུལ་དང་གྲུ་གཟིངས་བཟོ་བསྐྲུན་ཁེ་གཉེར་ལས་ཁང་སོགས་ཡོད་པ་རེད།
རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དམག་དོན་གྱི་རྟེན་གཞི་རྒྱ་བསྐྱེད་གོང་འཕེལ་གཏོང་བཞིན་པའི་ཐོག་ནས། རྒྱ་མཚོ་དེའི་ནང་གི་རྡོ་སྣུམ་དང་སོལ་རླངས་ཐོན་རྫས་ཀྱི་ཁེ་ཕན་འཚོལ་ཐབས་བྱེད་བཞིན་པའི་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཚོར་འཇིགས་སྐུལ་བྱེད་བཞིན་ཡོད་པར། ཨ་མི་རི་ཀས་སྐྱོན་བརྗོད་གནང་གི་ཡོད་པ་མ་ཟད། ཨ་རིའི་དམག་གི་གྲུ་གཟིངས་ཁག་ཁུལ་དེའི་ནང་རང་དབང་གི་སྒོ་ནས་འགྲུལ་བཞུད་བྱེད་བཞིན་ཡོད་པར་བརྟེན་ཕྱོགས་གཉིས་བར་འཐབ་འཁྲུག་ཡོང་རྒྱུའི་འཇིགས་སྣང་དང་ཉེན་ཁ་ཆེ་རུ་འགྲོ་བཞིན་པ་རེད།
འདི་ག་རྒྱལ་ས་ཝ་ཤིན་ཀྲོན་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས། ཨ་མི་རི་ཀས་ད་རེས་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁག་གི་ཐོག་དམ་དྲག་བཀག་སྡོམ་བྱེད་རྒྱུའི་གསལ་བསྒྲགས་གནང་བ་དེ་ནི། རྒྱུ་མཚན་རྩ་བ་ནས་མེད་པ་ཞིག་ཡིན་པ་འགྲེལ་བརྗོད་དང་འབྲེལ་ཐག་གཅོད་དེ་དག་ཕྱིར་འཐེན་གནང་དགོས་པའི་སྐུལ་མ་བྱས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།