ཨ་རིའི་ནང་གི་ཐེ་ཝན་ལས་ཁུངས་ཀྱི་མིང་བརྗེ་བསྒྱུར་ཐད་རྒྱ་ནག་གིས་མ་དགའ་བའི་རྣམ་འགྱུར་བསྟན་འདུག

2021-09-13
Share
ཨ་རིའི་ནང་གི་ཐེ་ཝན་ལས་ཁུངས་ཀྱི་མིང་བརྗེ་བསྒྱུར་ཐད་རྒྱ་ནག་གིས་མ་དགའ་བའི་རྣམ་འགྱུར་བསྟན་འདུག ཨ་རི་དང་ཐེ་ཝན་གྱི་རྒྱལ་དར།
སྒྲིག་བཟོ།

རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་གལ་སྲིད་ཨ་རིའི་ནང་ཡོད་པའི་ཐེ་ཝན་ལས་ཁུངས་ཀྱི་མིང་བརྗེ་བསྒྱུར་བྱས་པ་ཡིན་ན་མཇུག་འབྲས་ངན་པ་ཡོང་རྒྱུའི་ཉེན་བརྡ་བཏང་འདུག
དེ་ཡང་(Financial Times)་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ཞིག་ལུང་འདྲེན་བྱས་ནས། རྒྱ་ནག་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་(The Global Times)་ཡིས་གནས་ཚུལ་སྤེལ་ནས། ཨ་རིའི་སྲིད་འཛིན་(Joe Biden)་སྲིད་གཞུང་གིས་ཨ་རིའི་ནང་ཡོད་པའི་ཐེ་ཝན་གྱི་ཐེ་པེ་དཔལ་འབྱོར་དང་རིག་གཞུང་དོན་གཅོད་ལས་ཁུངས་ཞེས་པའི་ཚབ་ཏུ་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞེས་མིང་བརྗེ་བསྒྱུར་བྱ་རྒྱུར་བསམ་བློ་གཏོང་མུས་ཡིན་པའི་སྐོར་གནས་ཚུལ་སྤེལ་ཡོད་པ་དེས། རྒྱ་ནག་ལ་ཁོང་ཁྲོ་ཆེན་པོ་བཟོ་བ་དང་། དེའི་མཇུག་འབྲས་དཔལ་འབྱོར་དང་དམག་དོན་ཐོག་ནས་ལན་འདེབས་བྱེད་ཀྱི་རེད་ཅེས་འདི་ཚེས་༡༣་ཉིན་རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་འདུག
དེ་བཞིན་གསར་ལས་ཁང་དེས། གལ་སྲིད། ཨ་རིས་ཐེ་ཝན་གྱི་དོན་གཅོད་ཁང་གི་མིང་བསྒྱུར་བྱས་པ་ཡིན་ན། དེ་རྒྱ་ནག་གཅིག་གི་སྲིད་ཇུས་དང་འགལ་གྱི་ཡོད་སྟབས། རྒྱ་ནག་དབུས་གཞུང་གིས་ཨ་རི་དང་ཐེ་ཝན་གྱི་བྱེད་སྟངས་དེར་དཔལ་འབྱོར་དང་དམག་དོན་གྱི་ཐོག་ནས་ཡ་ལན་ནན་པོ་ཞིག་སློག་གི་རེད། སྐབས་དེ་དུས་རྒྱ་ནག་དབུས་གཞུང་གིས་ཐེ་ཝན་ལ་དཔལ་ འབྱོར་གྱི་ཉེས་ཆད་ཙམ་མིན་པར་ཐེ་ཝན་ནང་དཔལ་འབྱོར་གྱི་བྱ་གཞག་བསྒྲུབ་རྒྱུར་ཡང་བཀག་འགོག་བྱ་སྲིད་ཀྱི་རེད། དེ་ནི་སྐབས་དང་དུས་ཀྱི་གནས་སྟངས་ལ་རག་ལུས་ཀྱི་རེད་ཅེས་བཤད་འདུག
ད་སྐབས་རྒྱ་ནག་དང་ཨ་རིའི་འབྲེལ་བ་དེ་ཇེ་སྡུག་དུ་འགྲོ་བཞིན་པའི་སྐབས། ཐེ་ཝན་གྱི་གནད་དོན་དེའི་རྐྱེན་པས་གནས་སྟངས་ཇེ་ཞན་དུ་འགྲོ་སྲིད་པ་ཞིག་ཡིན་འདུག ཡང་རྒྱ་ནག་གཞུང་འབྲེལ་གསར་ཤོག་(The Global Times)་ཡིས། གལ་སྲིད་ཐེ་ཝན་གྱི་དོན་གཅོད་ཁང་གི་མིང་བརྗེ་པོ་རྒྱབ་པ་ཡིན་ན། དེས་རྒྱ་ནག་ལ་ཐེ་ཝན་གྱི་བདག་དབང་ཡོད་པའི་རྒྱུ་མཚན་ཆེ་རུ་འགྲོ་རྒྱུ་དང་། རྒྱ་ནག་གི་མི་དམངས་བཅིངས་གྲོལ་དམག་མིའི་གནམ་དམག་གནམ་གྲུས་ཐེ་ཝན་གྱི་མཁའ་དབྱིངས་སུ་འཕུར་བསྐྱོད་བྱས་ནས་ལྟ་ཞིབ་ནན་པོ་བྱེད་ཀྱི་རེད་ལ་དེ་དུས་ཐེ་ཝན་གྱིས་བཀག་འགོག་བྱེད་ཐུབ་ཀྱི་མ་རེད་ཅེས་ཉེན་བརྡ་རང་བཞིན་གྱི་གནས་ཚུལ་སྤེལ་འདུག

གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།