རྒྱ་ནག་གི་ཚོང་དོན་ཚན་པ་བཞི་ནག་ཉེས་ཅན་གྱི་ཐོ་གཞུང་ཁོངས་སུ་འཇོག་འཆར།
2020.11.21
རོཡ་ཊར་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་བདེ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་གི་དམག་དོན་ཚན་པ་དང་འབྲེལ་བ་ཡོད་པའི་བཟོ་ཚོང་ལས་ཁང་འགའ་ཤས་སླར་ཡང་ནག་ཉེས་ཅན་ནམ་ཡང་ན་ཐོ་གཞུང་ནག་པོའི་ནང་འདོན་འཆར་ཡོད་ཀྱང་ད་ལྟའི་ཆར་དམིགས་བསལ་གསལ་ཁ་གང་ཡང་བཏོན་མེད་པ་རེད་ལ་གནད་དོན་འདིའི་ཐད་ཨ་རིའི་སྲིད་འཛིན་ཕོ་བྲང་དང་རྒྱ་ནག་གཞུང་ཚབ་ལས་ཁང་གཉིས་ཀས་གང་ཡང་གསུངས་མེད་པ་རེད། གལ་སྲིད་བཟོ་ཚོང་ལས་ཁང་བཞིའི་མིང་ཐོ་བཏོན་པ་ཡིན་ན་ད་བར་ཨ་རིས་ཉེས་ཅན་གྱི་མིང་ཐོ་བཏོན་པའི་གྲངས་ཚད་ ༣༥ ཆགས་རྒྱུ་ཡིན་པ་དང་དེ་སྔའི་མིང་གཞུང་ཁོངས་སུ། Hikvision དང་། China Telecom Corp དེ་བཞིན་China Mobile སོགས་ཚུད་ཡོད་པ་རེད།
སྤྱིར་བཏང་ཕྱི་ལོ་ ༡༩༩༩ ལོའི་ཁྲིམས་གཞི་གཏན་འབེབས་གཞིར་བཟུང་ལྟར་ན། ཨ་རིའི་བདེ་སྲུང་ལས་ཁུངས་ནས་རྒྱ་ནག་བཅིངས་བཀྲོལ་དམག་དོན་ཚན་པས་བདག་གཉེར་བྱེད་པ་དང་ཡང་ན་འབྲེལ་བ་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གི་མིང་གཞུང་སྙན་ཐོ་བཏོན་སྲོལ་ཡོད་པ་ཞིག་ཡིན་འདུག
ཨ་རིའི་གཞུང་ནས་ཐོ་གཞུང་ནག་པོའི་ནང་བཏོན་པའི་རྒྱ་ནག་གི་དམག་དོན་ཚན་པ་དང་འབྲེལ་བ་ཡོད་པའི་བཟོ་ཚོང་ལས་ཁང་དེ་དག་གི་སར་ནས་ཨ་རིས་དངོས་ཟོག་ཉོ་ཚོང་ཆོག་གི་མེད་པ་རེད། འདི་ལྟ་བུའི་ཁྲིམས་གཞི་གཏན་ལ་ཕབ་རྒྱུར་ཁྲིམས་འཆར་བཏོན་གནང་མཁན་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Mike Gallagher མཆོག་གིས། འདིའི་བརྒྱུད་ནས་རྒྱ་ནག་གི་ཚོང་དོན་ཚན་པ་དེ་དག་གིས་མ་འོངས་པར་ཨ་རིའི་ནང་འཕྲུལ་རིགས་ཀྱི་ཐོག་ཤུགས་རྐྱེན་ཆེན་པོ་མི་བཟོ་བའི་ཕན་ཐོགས་ཡོད་རེད་ཅེས་གསུངས་འདུག འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་ཐོག་དེ་ཙམ་གྱི་དོ་ཕོགས་གཏོང་ཐུབ་རྒྱུ་ཁག་པོ་ཡིན་པ་དང་ཕྱོགས་གཞན་ཞིག་ནས་རིང་མིན་ཨ་རིའི་སྲིད་གཞུང་འཕོ་བསྒྱུར་འགྲོ་བའི་སྐབས་སྲིད་བྱུས་ལ་འགྱུར་བ་ཐེབས་སྲིད་པ་རེད་ཅེས་དགོངས་ཚུལ་གསུངས་འདུག གང་ལྟར་ལོ་འདིའི་ནང་ཨ་རིའི་ནོར་སྲིད་ལས་ཁུངས་ནས་ཀྱང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཅིག་ཐོ་གཞུང་ནག་པོའི་ནང་མིང་འདོན་གནང་པ་མ་ཟད་ཡུལ་གཉིས་དབར་ཚོང་དོན་དང་གཞན་ཡང་གནད་དོན་མང་དག་ཅིག་གི་ཐོག་མི་མཐུན་པའི་གནས་ཚུལ་བྱུང་ཏེ་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད།།