བཙན་སྐུལ་ངལ་རྩོལ་བའི་དངོས་ཟོག་ཉོ་ཚོང་བྱས་རྐྱེན་ཇར་མན་གྱི་གྱོན་ཆས་བཟོ་ཚོང་ཁང་ཁག་ཅིག་ཁྲིམས་གཏུག་བྱས་འདུག

2021-09-07
Share
བཙན་སྐུལ་ངལ་རྩོལ་བའི་དངོས་ཟོག་ཉོ་ཚོང་བྱས་རྐྱེན་ཇར་མན་གྱི་གྱོན་ཆས་བཟོ་ཚོང་ཁང་ཁག་ཅིག་ཁྲིམས་གཏུག་བྱས་འདུག ཤིན་ཅིང་ངམ་ཤར་ཏུར་ཀིསུ་ཐན་གྱི་Aksu་ས་ཁུལ་གྱི་སྲིང་བལ་བཟོ་གྲྭ་ཞིག། ༢༠༡༥
Reuters

འདི་ཚེས་༦་ཉིན་ཇར་མན་རྟེན་གཞི་བྱས་པའི་ཡོ་རོབ་ཀྱི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གིས། ཇར་མན་གྱི་གྱོན་ཆས་བཟོ་ཚོང་ཁང་(Lidl)་དང་། (Hugo) (Boss)་སོགས་གྱོན་ཆས་རིགས་སིལ་ཚོང་རྒྱག་མཁན་གྱི་བཟོ་ཚོང་ཁང་ཁག་ཅིག་གིས་ཐད་ཀར་རམ་ཡང་ན་གཞན་བརྒྱུད་ནས། རྒྱ་ནག་གཞུང་གིས་ཤིན་ཅང་གི་ཡུ་གུར་ཁ་ཆེ་མི་རིགས་ཚོར་བཙན་དབང་གིས་ངལ་རྩོལ་སྐུལ་ནས་ཐོན་པའི་དངོས་ཟོག་སྲིན་བལ་དང་རས་ཆ་རིགས་ཉོས་ནས་གྱོན་ཆས་བཟོས་ཏེ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་ཉེས་བཙུགས་ཀྱིས་ཇར་མན་གྱི་ཁྲིམས་ཁང་དུ་ཁྲིམས་གཏུག་བྱས་ཡོད་པ་རེད། ཡོ་རོབ་ཀྱི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་དེའི་ཚོང་ལས་དང་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་འགནའཛིན་(Miriam Saage-Maass)་ཀྱིས་གསུངས་ན། ཡོ་རོབ་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་ཡོ་རོབ་ཡུལ་ཁག་གི་བཟོ་ཚོང་ཁང་ཁག་གིས་ཡུ་གུར་མི་རིགས་ཚོར་བཙན་གནོན་བྱས་ནས་བྱུང་བའི་དངོས་ཟོག་ནས་ཁེ་ཕན་ཐོབ་ཐབས་བྱེད་ཀྱི་ཡོད་པ་ནི་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པས། བཙན་གནོན་གྱིས་ངལ་རྩོལ་སྐུལ་ནས་ཐོན་པའི་དངོས་ཟོག་ནས་ཁེ་ཕན་ཐོབ་ཐབས་བྱེད་ཀྱི་ཡོད་ཚེ་བཟོ་ཚོང་ཁང་དེ་དག་ལ་དེའི་ཉེས་ལེན་འགན་ཁུར་འཇུག་དགོས་ཀྱི་རེད་ཅེས་གསུངས་འདུག དེའི་ཐད་(Lidl)་ཚོང་གཉེར་ཁང་གི་མགྲིན་ཚབས་པས་བརྗོད་ན། ཚོང་གཉེར་ཁང་དེར་ཉེས་འཛུགས་བྱེད་དགོས་དོན་ནི། ཚོང་དོན་ཁང་དེའི་དངོས་ཟོག་ཉོ་ཚོང་བྱེད་སའི་ཐོ་གཞུང་དང་འབྲེལ་བ་ཆགས་ཡོད་པ་དང་། དེ་ནི་དེ་སྔོན་ནས་མངགས་ཉོ་ཟིན་པའི་ཐོ་གཞུང་ཡིན་པས། ཚོང་གཉེར་ཁང་དེས་བཙན་གནོན་གྱིས་ངལ་རྩོལ་སྐུལ་བ་དང་ཕྲུ་གུར་ངལ་རྩོལ་སྐུལ་ནས་ཐོན་པའི་དངོག་ཟོག་རིགས་ཉོ་སྒྲུབ་རྩ་བ་ནས་བྱེད་ཀྱི་མེད་པ་དང་། དངོས་ཟོག་མཁོ་སྒྲུབ་བྱ་སའི་ཚོང་དོན་ཁང་ཁག་གིས་ཀྱང་ཁོང་ཚོའི་སྲིད་བྱུས་དང་སྤྱི་ཚོགས་ཀྱི་ཆ་རྐྱེན་དེར་བརྩི་སྲུང་ཞུ་དགོས་པའི་སྐུལ་མ་བྱས་ཡོད་འདུག
དེ་བཞིན་(Hugo)་དང་། (Boss)་ཚོང་གཉེར་ཁང་གི་མགྲིན་ཚབས་པས་ཀྱང་། ང་ཚོས་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་ཀྱང་བཙན་དབང་གིས་ངལ་རྩོལ་སྐུལ་བ་འམ་ཡང་ན་དེང་དུས་ཀྱི་བྲན་གཡོག་ལམ་ལུགས་ལ་བཟོད་སྲན་རྩ་བ་ནས་མེད་པས། ཇར་མན་གྱི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཁྲིམས་གཏུག་བྱས་བ་དེ་ཁས་ལེན་བྱ་ཐབས་མེད་ཅེས་བརྗོད་འདུག
ད་ལོ་ཕྱི་ཟླ་བདུན་པའི་ནང་ཧྥ་རན་སིའི་ཁྲིམས་ཁང་གིས་ཤིན་ཅང་ནང་ཡུ་གུར་མི་རིགས་ལ་བཙན་གནོན་གྱིས་ངལ་རྩོལ་སྐུལ་ནས་ཐོན་པའི་ཐོན་ཟོག་སྲིང་བལ་ཉོ་སྒྲུབ་བྱེད་ཀྱི་ཡོད་པ་དང་འབྲེལ་བའི་ཐོག་ནས་( Zara)་དང་། (SMCP) (Skechers)་སོགས་ཚོང་དོན་ཁང་ལ་ཞིབ་བཤེར་བྱས་ཡོད་པ་རེད།

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།