ཡེ་ཤུ་ཆོས་དཔོན་འདེམ་ཕྱོགས་ལ་གྲོས་མཐུན་བཞག་འདུག

2016-10-31
གློག་འཕྲིན།
མཆན།
Share
པར་བཀོད།
ཡེ་ཤུའི་བླ་ཆེན་Pope Francisམཆོག་Manilaནང་ཕེབས་སྐབས། ༢༠༡༥།༡།༡༥
ཡེ་ཤུའི་བླ་ཆེན་Pope Francisམཆོག་Manilaནང་ཕེབས་སྐབས། ༢༠༡༥།༡།༡༥
AFP

རྒྱ་ནག་གིས་བསྐོ་བཞག་བྱས་པའི་ཆོས་དཔོན་བརྒྱད་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་གདན་ས་ཆེན་པོས་ངོས་ལེན་གནང་རྒྱུའི་སྐོར་གྲོས་མཐུན་བྱུང་འདུག
དེ་ཡང་རྒྱ་ནག་དང་ཝེ་ཊེ་ཀན་གདན་ས་ཆེན་པོ་གཉིས་དབར་རྒྱ་ནག་ནང་དུ་ཡོད་པའི་ཡེ་ཤུ་ཆོས་དཔོན་བསྐོ་བཞག་གནང་ཕྱོགས་དང་། རྒྱ་ནག་གཞུང་གིས་ངོས་འཛིན་མེད་པའི་གསང་བའི་ཡེ་ཤུ་ལྷ་ཁང་དང་ཆོས་ཕྱོགས་ཀྱི་ལས་དོན་ཐོག་རྒྱ་ནག་དང་ཝེ་ཊེ་ཀན་གཉིས་དབར་མ་མཐུན་པའི་གནས་ཚུལ་རྒྱུན་རིང་བྱུང་ཡོད་པ་རེད། འོན་ཀྱང་ཡེ་ཤུ་བླ་ཆེན་Pope Francis་ཡི་ངོས་ནས་རྒྱ་ནག་གི་མཉམ་དུ་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་འདུན་པ་ཆེན་པོ་ཡོད་པའི་སྐོར་དམངས་ཁྲོད་དུ་གཏམ་བཤད་གནང་ཡོད་པ་རེད། རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་རྣམས་ཀྱི་ལྷན་དུ་ཝེ་ཊེ་ཀན་གདན་སའི་འགྲིག་འཇགས་གྲོས་མོལ་སྐུ་ཚབ་གཉིས་དབར་མོས་མཐུན་བྱུང་བའི་ནང་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་ཆོས་དཔོན་བརྒྱད་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་གདན་ས་ཝེ་ཊེ་ཀན་གྱིས་ངོས་འཛིན་གནང་རྒྱུར་མོས་མཐུན་བྱུང་ཡོད་པ་རེད་འདུག
གྲོས་མཐུན་གཏན་འབེབས་ཀྱི་ཆེད་བླ་ཆེན་Pope Francis་མཆོག་གིས་ངོས་ལེན་གནང་དགོས་ཀྱི་ཡོད་ཅིང་། གལ་ཏེ་ཁོང་གིས་ངོས་འཛིན་གནང་བ་ཡིན་ན་གྲོས་མོལ་གྱི་གྲུབ་འབྲས་ཆེན་པོ་ཞིག་དང་འགྱུར་བ་ཆེན་པོ་ཞིག་ཡིན་པ་གྲོས་མཐུན་དེའི་ཐོག་ནས་རྒྱ་ནག་གིས་ཡེ་ཤུ་ཆོས་དཔོན་བསྐོ་བཞག་ཐོག་ཝེ་ཊེ་ཀན་གྱིས་ངོས་ལེན་གནང་བ་ཞིག་མཚོན་གྱི་ཡོད་པ་རེད། འོན་ཀྱང་རྒྱ་ནག་ནང་གཞུང་འབྲེལ་མིན་པའི་ཡེ་ཤུ་ལྷ་ཁང་དང་དད་ལྡན་པ་རྣམས་ཀྱི་གནད་དོན་ཐོག་ཐག་ཆོད་གྲོས་མཐུན་བྱུང་མེད་པ་མ་ཟད་ཁོང་རྣམས་ཀྱིས་མ་འདོད་པའི་ངོ་རྒོལ་ཤུགས་ཆེ་ཡོང་རྒྱུའི་དོགས་པ་ཟ་གི་ཡོད་པ་རེད།
རྒྱ་ནག་དང་ཝེ་ཊེ་ཀན་ཡེ་ཤུ་གདན་ས་གཉིས་ཕྱི་ལོ་༡༩༥༡་ནས་བཟུང་འབྲེལ་ལམ་ཆད་དེ་རྒྱ་ནག་གཞུང་གིས་རྒྱ་ནག་གི་ཡེ་ཤུ་ཆོས་དཔོན་བསྐོ་བཞག་དེ་བཞིན་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བྱེད་དགོས་པའི་སྐོར་བཤད་ཀྱི་ཡོད་ཀྱང་ཡེ་ཤུ་རྣམ་དག་གདན་ས་ཆེན་པོས་ད་ལྟ་བར་དུ་ངོས་ལེན་གནང་མེད་པ་རེད་འདུག།

གསར་འགོད་པ་ཀརྨ་རྡོ་རྗེ།

མཆན། (0)
Share
དྲ་གནས་ཆ་ཚང༌།