སྐད་འཕྲིན་གཙོས་རྒྱ་ནག་གི་ཁ་པར་མཉེན་ཆས་དྲུག་ཅུ་མ་ཟིན་ཙམ་རྒྱ་གར་ནང་བཀག་སྡོམ།

2020-06-30
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་ནང་བཀག་སྡོམ་བྱས་བའི་རྒྱ་ནག་གི་ཁ་པར་མཉེན་ཆས་རིགས།
རྒྱ་གར་ནང་བཀག་སྡོམ་བྱས་བའི་རྒྱ་ནག་གི་ཁ་པར་མཉེན་ཆས་རིགས།
སྒྲིག་བཟོ།

རྒྱ་ནག་གཞུང་གིས་སྐད་འཕྲིན་གྱི་བརྒྱུད་ལམ་ནས་བཙན་བྱོལ་བོད་མིའི་གནས་ཚུལ་རྒྱུས་ལོན་བརྐུ་འཁྱེར་སོགས་བྱེད་ཀྱི་ཡོད་པར་བརྟེན་ད་རེས་རྒྱ་གར་གཞུང་གིས་རྒྱ་ནག་གི་མཉེན་ཆས་རིགས་དྲུག་ཅུ་མ་ཟིན་ཙམ་བཀག་སྡོམ་བྱས་བར་བཙན་བྱོལ་བོད་མི་ཚོས་རྒྱབ་སྐྱོར་གནང་གི་འདུག
ཉེ་ལམ་རྒྱ་གར་དང་རྒྱ་ནག་གི་མཐའ་སྲུང་དམག་མིའི་བར་འཁྲུག་རྩོད་བྱུང་བ་ནས་བཟུང་། རྒྱ་གར་ནང་རྒྱ་ནག་གི་ཅ་ལག་བཀག་སྡོམ་གྱི་ལས་འགུལ་གང་སར་མཆེད་བཞིན་པའི་ཁར། རྒྱ་གར་གྱི་དྲིལ་བསྒྲགས་དང་འཕྲུལ་ལས་ལྷན་ཁང་གིས། སྤྱི་ཟླ་༦་པའི་ཚེས་༢༩་ཉིན་གསལ་བསྒྲགས་སྤེལ་ཏེ། རྒྱ་གར་གཞུང་གིས་རྒྱལ་ཁབ་བདེ་འཇགས་དང་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་ལ་དམིགས་ཏེ། སྐད་འཕྲིན་(wechat)་གཙོས་རྒྱ་ནག་གིས་བཟོས་པའི་ཉེན་ཚབ་ཅན་གྱི་ཁ་པར་ནང་གི་མཉེན་ཆས་མ་ལག་རིགས་༥༩་རྒྱ་གར་ནང་སྒོ་རྒྱག་གཏན་འཁེལ་ཡོད་ཅིང་། དེའི་ནང་བཙན་བྱོལ་བོད་མི་ཚོས་བོད་ཕྱི་ནང་བར་འབྲེལ་མཐུད་བྱེད་སའི་མཉེན་ཆས་སྐད་འཕྲིན་(Wechat)་སོགས་ཀྱང་ཚུད་ཡོད་པས། བཞུགས་སྒར་དུ་གནས་སྡོད་བསྟན་འཛིན་ཆོས་དབྱིངས་ལགས་ནས། སྐད་འཕྲིན་སྒོ་བརྒྱབ་པ་ཡིན་ན་བོད་ནང་ཕ་མ་སྤུན་མཆེད་ལ་འབྲེལ་ལམ་དང་། ཚོང་ལས་གཉེར་མཁན་སོགས་ལ་དཀའ་ངལ་དོ་ཕོག་རེ་འབྱུང་སྲིད་པ་ཡིན་ནའང་། བོད་མིའི་སྤྱི་ཚོགས་ནང་སྐད་འཕྲིན་གྱིས་རྙོག་དྲ་དང་བག་ཆགས་ངན་པ་འཇོག་གི་ཡོད་པ་མ་ཟད། སྐད་འཕྲིན་གྱི་ལམ་ནས་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་གནས་ཚུལ་ལ་རྒྱུས་ལོན་དང་གནས་ཚུལ་བརྐུས་ཁྱེར་སོགས་ཀྱི་གནས་ཚུལ་སྣ་ཚོགས་ཡོང་གི་ཡོད་པས། སྐད་འཕྲིན་གྱི་སྒོ་རྒྱབ་ན་ཡག་ཤོས་སུ་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
ཡང་རྡ་རམ་སཱ་ལར་ཡོད་པའི་བཙན་བྱོལ་བོད་མི་བསམ་གཏན་ལགས་ཀྱིས་རྒྱ་ནག་གི་མཉེན་ཆས་རྣམས་སྤྱིར་བཏང་ནས་ཡག་པོ་མ་རེད། རྒྱ་ནག་གཞུང་གིས་ཕྱིའི་བརྡ་འཕྲིན་མཉེན་ཆས་རྣམས་བཀག་སྡོམ་གྱིས། རྒྱ་ནག་རང་གི་མཉེན་ཆས་མ་གཏོགས་བོད་ནང་གི་མི་ཚོས་མཉེན་ཆས་གཞན་བེད་སྤྱོད་མི་ཐུབ་པར་བརྟེན། བོད་ཕྱི་ནང་བར་འབྲེལ་ལམ་གྱི་ཐོག་དཀའ་ངལ་བྱུང་སྲིད་པ་དང་། ལྷག་པར་བོད་ནང་གི་གནས་ཚུལ་མང་པོ་ཞིག་སྐད་འཕྲིན་བརྒྱུད་ལམ་ནས་ཤེས་རྟོགས་ཡོད་བཞིན་པས་དགེ་སྐྱོན་གཉིས་ཀ་ཡོད་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཡང་མཉེན་ཆས་དང་འཕྲུལ་ལས་ཀྱི་ཆེད་ལས་པ་བོད་དོན་ལས་འགུལ་བསྟི་གནས་ཁང་གི་བློ་བཟང་ལགས་ནས། རྒྱ་གར་ནང་དམག་མི་དང་གཞུང་གི་ལས་བྱེད་སོགས་ཀྱིས་རྒྱ་ནག་གི་མ་ལག་མཉེན་ཆས་བེད་སྤྱོད་བཏང་མི་ཆོག་པའི་བཀའ་རྒྱ་སླེབས་ཚར་ཡོད་ཅིང་། མི་དམངས་ཀྱིས་བེད་སྤྱོད་བཏང་མི་ཆོག་པའི་བཀའ་རྒྱ་ད་ལན་གསར་པ་ཡིན་པ་དང་། གཙོ་བོ་ཐུག་ས་ནི་སྤྱི་ལོ་༢༠༡༧་ལོར་རྒྱ་ནག་གིས་རྒྱལ་ཡོངས་གསང་བའི་ཁྲིམས་དོན་ཟེར་བ་ཞིག་གཏན་འབེབས་བརྒྱུད། རྒྱ་ནག་གི་ཚོང་ལས་སྡེ་ཚན་ཚོས་གནས་ཚུལ་གཞུང་ལ་གང་དགོས་མཁོ་སྤྲོད་བྱེད་དགོས་པ་བཟོས་ཡོད་པས། རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་ཐོག་ནས་རྒྱ་གར་གྱིས་རྒྱ་ནག་གི་མཉེན་ཆས་མ་ལག་བེད་སྤྱོད་བཏང་མི་ཆོག་པ་བཟོས་པར་མཐོང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ད་དུང་ཁོང་གིས་མ་ལག་དེ་རྣམས་འགོག་སྟངས་ཀྱི་རིམ་པ་ནི། ཚོང་ལས་སྡེ་ཚན་ཚོ་ལའང་བཀའ་རྒྱ་བཏང་བ་གཞིར་བཟུང་། མ་ལག་དེ་རྣམས་རྒྱ་གར་ནང་རྩ་བ་ནས་ཕབ་ལེན་བྱེད་མི་ཐུབ་པ་བཟོ་རྒྱུ་ཡིན་ཅིང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་བོད་ནང་འབྲེལ་བའི་བརྒྱུད་ལམ་གཙོ་བོ་ནི་སྐད་འཕྲིན་ཆགས་ཀྱི་ཡོད་པས། བོད་ནང་འབྲེལ་བའི་ལམ་ཁ་ཅུང་ཟད་ཁག་ཏུ་འགྲོ་སྲིད་པ་རེད་དེ། དཀའ་ངལ་སེལ་ཐབས་ཀྱི་མ་ལག་གཞན་བེད་སྤྱོད་ཡོངས་ཐབས་ཀྱི་ལམ་ཁ་ཞིག བོད་དང་བཙན་བྱོལ་གང་རུང་ནས་བཙལ་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
རྒྱ་གར་གཞུང་གིས་རྒྱ་ནག་གི་མཉེན་ཆས་མ་ལག་བཀག་སྡོམ་གྱི་བཀའ་རྒྱ་འདི་ནི། རྒྱ་གར་གྱི་དྲིལ་བསྒྲགས་དང་འཕྲུལ་ལས་ཀྱི་ཁྲིམས་དོན་ཚན་(69A)་ཀ་བ་གཞིར་བཟུང་བཏང་ཡོད་ཅིང་། རྒྱ་ནག་གཞུང་གིས་རྒྱ་གར་གྱི་བཀའ་རྒྱ་དེ་ལ་སེམས་འཚབ་ཆེན་པོ་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱ་ནག་ཕྱོགས་ཀྱི་ཚོང་ལས་པ་ཚོར་རྒྱལ་སྤྱིའི་ཁྲིམས་དང་ས་གནས་ཀྱི་ཁྲིམས་ལ་བརྩི་སྲུང་བྱེད་དགོས་པ་ནན་སྐུལ་བྱེད་བཞིན་པ་དང་། རྒྱ་ནག་ཚུད་པའི་མ་འཇོག་པ་དང་བཟོ་ཚོང་ཁང་ཁག་ལ་ཁྲིམས་མཐུན་གྱི་ཐོབ་ཐང་གང་ཡོད་པ་ཕུལ་རྒྱུ་ནི། རྒྱ་གར་གྱི་ལས་འགན་ཡིན་པར་བཤད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།