རྫ་དབོན་པོ་ཁུལ་ནས་འཛིན་བཟུང་བྱས་བའི་བོད་མི་རྣམས་གློད་གྲོལ་གཏོང་དགོས་བའི་འབོད་སྐུལ།

2021-09-07
Share
རྫ་དབོན་པོ་ཁུལ་ནས་འཛིན་བཟུང་བྱས་བའི་བོད་མི་རྣམས་གློད་གྲོལ་གཏོང་དགོས་བའི་འབོད་སྐུལ། རྫ་དབོན་པོ་སྡེ་དགོན་གཉིས། ༼ཟླ་ཚེས་མི་གསལ
མཐུན་འགྱུར་པར་རིས།

རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་བྱེད་དགོས་བ་ཨ་རིའི་གཞུང་གི་ངོས་ནས་འབོད་སྐུལ་ནན་མོ་བྱེད་ཀྱི་ཡོད་ཟེར།
རྒྱ་ནག་གི་ཉེན་རྟོག་པས་རྫ་དབོན་པོ་དགོན་གྲོང་གཉིས་ནས་བོད་མི་འཛིན་བཟུང་བྱས་དང་བྱེད་མུས་ཀྱི་གནད་དོན་ཐད། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་བའི་ནང་། རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་མི་ཚོས་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་པ་ཙམ་གྱིས་འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་གནས་སྟངས་ཐད་ཨ་རིའི་ངོས་ནས་གདུང་སེམས་མཉམ་སྐྱེད་ཡོད། རྒྱ་ནག་གི་ངོས་ནས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་གསལ་བསྒྲགས་ནང་འཁོད་པའི་ཆོད་དད་རང་དབང་སོགས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དགོས་རྒྱུར་ཨ་རིའི་གཞུང་གི་ངོས་ནས་འབོད་སྐུལ་ནན་པོ་བྱེད་ཀྱི་ཡོད། བོད་ནི་ཨ་རིའི་སྲིད་གཞུང་གི་ངོས་ནས་གལ་འགངས་ཆེན་པོར་ངོས་འཛིན་གྱི་ཡོད་ལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་དེའི་ཐད་འགན་ལེན་ཡོང་ཐབས་ཆེད་ཨ་རིའི་ངོས་ནས་ཐབས་ལམ་ཇི་ཡོད་རྣམས་བེད་སྤྱོད་བྱེད་རྒྱུའི་ཐོག་བསམ་གཞིགས་བྱེད་ཀྱི་ཡོད་པའི་ཉེན་བརྡ་བཏང་འདུག

blenken.jpg
རྒྱ་ནག་གཞུང་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་། རྫ་ཆུ་ཁ་རྫ་སྨད་དབོན་པོ་ཁུལ་ནས་འདི་ཚེས་༣་ཉིན། རྒྱ་ནག་གི་ཉེན་རྟོག་པས་དགེ་འདུན་པ་༦་དང་བུད་མེད་གཉིས་བཅས་ཁྱོན་བོད་མི་བརྒྱད་ནག་ཉེས་གང་ཡིན་ཁ་གསལ་མེད་པར་འཛིན་བཟུང་བྱས་ཏེ་སེར་ཤུལ་རྫོང་ཐོག་ཏུ་བཀག་ཉར་བྱས་ཡོད་པ། བཙན་བྱོལ་ནང་ཡོད་པའི་བོད་མི་མིང་འབོད་གནང་འདོད་མེད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོས།
བོད་མི་བརྒྱད་འཛིན་བཟུང་མ་བྱས་བའི་གོང་ལ། ཉེ་ལམ་ཕྱི་ཟླ་༨་ཚེས་༢༢་ནས་ཕྱི་ཟླ་༨་ཟླ་མཇུག་བར་རྫ་དབོན་པོ་དགོན་གྲོང་གཉིས་ཀྱི་བོད་མི་བསྡུ་སྐོང་གིས་འདྲི་ཞིབ་སོགས་བརྒྱུད་ནས་བོད་མི་སེར་སྐྱ་༦༠་བཅས་སྔ་ཕྱིར་སྡོམ་བོད་མི་༡༡༣་འཛིན་བཟུང་བཙན་ཁྲིད་བཀག་ཉར་བྱས་ཡོད་པ་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས། རྫ་དབོན་པོ་ཁུལ་དུ་དེ་འདྲ་དམ་དྲག་དམིགས་བསལ་བྱེད་དགོས་དོན་ནི། དེ་སྔ་༢༠༠༨་ལོར་ས་བྱི་ཞི་རྒོལ་བྱུང་སྐབས་སུ་ལས་འགུལ་སྣེ་ཁྲིད་པའི་གྲས་སུ་རྫ་དབོན་པོའི་ས་གནས་ནས་ཡིན་པ་ད་ལྟ་ས་གནས་དེར་བཞུགས་ཡོད་པའི་དགེ་འདུན་པ་མང་པོ་ཞིག་ཡོད་པ་དང་། ༢༠༡༩་ལོ་ནས་བཟུང་ས་གནས་དེར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་གནས་ཚུལ་རིམ་པ་བྱུང་ཡོད་པར་བརྟེན་༢༠༠༨་ལོའི་ས་བྱི་ཞི་རྒོལ་གྱི་ལས་འགུལ་དེ་འདྲ་བྱུང་སྲིད་པའི་དོགས་གཞིའི་འོག་དམ་དྲག་བྱས་པ་ཡིན་སྲིད་པ་ངོ་སྤྲོད་གནང་བྱུང་།
རྒྱ་ནག་གཞུང་གིས་བོད་མི་དེ་དག་གི་ཁྱིམ་དུ་སྔོག་བཤེར་བྱས་སྐབས། བོད་མི་མང་པོ་ཞིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་ཉར་ཚགས་བྱས་ཡོད་པ་ཉེས་འཛུགས་ཆེད་བརྗོད་ཀྱི་ཡོད་འདུག
ཡང་ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་སོ་ཧྥི་རི་ཆརཌ་སཱན་(Sophie Richardson)་ལགས་ཀྱིས། རྒྱ་ནག་གི་བྱེད་སྟངས་དེ་ནི་བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ནང་ཆོས་ལ་དད་དམ་གཡོ་བ་མེད་པ་བྱེད་བཞིན་པར་བཟོད་བསྲན་བྱེད་མ་ཐུབ་པ་དང་། བོད་མི་ཚོས་རྒྱ་ནག་དམར་ཤོག་གཞུང་གཅིག་པོར་ཡིད་ཆེས་བློ་གཏད་བྱ་དགོས་པའི་བཙན་བཀའ་བཏང་བའི་མངོན་རྟགས་གསལ་པོ་རེད། འདི་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡོངས་སུ་འགལ་བ་ཡིན་པས། འདི་འདྲའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཚན་ཉུང་དུ་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་ན་ཡང་། བོད་ནང་གི་ཞིང་འབྲོག་མི་མང་ཚོས་སོ་སོའི་ཕ་སྐད་ལ་དོ་སྣང་ཆེན་པོས། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་མང་པོ་ཡོད་པ་དང་། རྫ་དབོན་པོ་ཡུལ་དགོན་གཉིས་ནས་མང་ཚོགས་ལ་དྭང་བླངས་ཀྱི་ཐོག་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ལས་གཞི་འགྲོ་མུས་ཀྱི་ཐོག་ས་གནས་སུ་ཕ་སྐད་སྲུང་སྐྱོབ་ཚོགས་པ་ཞེས་པ་ཞིག་ཡོད་པ་དེའི་ཚོགས་མི་ཁག་ཅིག་ཀྱང་ཉེ་སྔོན་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་བའི་ཁོངས་སུ་ཡོད་པ་དང་། དེའི་ཐད་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་གནང་མཁན་གྱིས་དམིགས་བསལ་དོ་སྣང་བྱེད་བཞིན་འདུག་ལ་ཉེ་ལམ་མགོ་ལོག་དང་དཀར་མཛེས་ཁུལ་དུ་སྒེར་གཉེར་སློབ་གྲྭ་ཁག་སྒོ་བརྒྱབ་བཅུག་པ་དང་། སློབ་གྲྭ་ཁག་དང་ཐ་ན་བྱིས་གཉོར་ཁང་ཡན་ནས་རྒྱ་མིའི་སྐད་ཡིག་གམ་སྤྱི་སྐད་བེད་སྤྱོད་གཙོ་འདོན་བྱེད་རྒྱུའི་སྲིད་བྱུས་འཛིན་པ་དང་འབྲེལ་བ་ཡོད་པ་རེད་འདུག
ད་བར་རྒྱ་ནག་གི་ཉེན་རྟོག་པས་སྔ་རྗེས་རྫ་དབོན་པོ་དགོན་གྲོང་གཉིས་ཀྱི་བོད་མི་སེར་སྐྱ་མི་གྲངས་༡༢༡་འཛིན་བཟུང་བྱས་པའི་ཁྲོད། བོད་མི་བཞི་གློད་གྲོལ་བཏང་བའི་གནས་ཚུལ་རྗེས་ད་ལྟའི་ཆར་བོད་མི་སེར་སྐྱ་༡༡༧་སེར་ཤུལ་རྫོང་ཐོག་ཏུ་བཀག་ཉར་བྱས་བསྡད་ཡོད་པ་རེད་འདུག

གསར་འགོད་པ། བཀྲ་ཤིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།