སེམས་ཁམས་ཀྱི་འདུ་ཤེས་བཏང་སྙོམས་བྱེད་ཕྱོགས་ཀྱི་ཟབ་སྦྱོང་།
2017.05.15
བྷ་ར་ཛིལ་བོད་ཁང་ནས་སེམས་ཁམས་ཀྱི་འདུ་ཤེས་བཏང་སྙོམས་བྱེད་ཕྱོགས་ཀྱི་གནད་དོན་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། བྷ་ར་ཛིལ་ནང་བོད་དོན་འབྲེལ་མཐུད་ཁང་ངམ་བོད་ཁང་ནས་འདི་ཚེས་༡༣་ཉིན་གྲོང་ཁྱེར་Sao Paulo ནང་། ཨ་རི་ནུབ་རྒྱུད་ཀ་ལི་ཕོར་ནི་ཡའི་མངའ་སྡེའི་ནང་གི་ཀ་ལི་ཕོར་ནིའི་གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་སློིབ་དཔོན་སེམས་ཁམས་རིག་པའི་ཐོག་མཁས་དབང་(Eva Ekman) མཆོག་གདན་ཞུས་ཀྱིས་གཙུག་ལག་ཁང་གི་སློབ་དཔོན་དང་སློབ་ཕྲུག་བཅས་པ་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་ཐོག་འགྲོ་བ་མིའི་ཉིན་རེའི་བྱ་གཞག་ནང་སེམས་ཁམས་ཀྱི་ཚོར་བའི་བཏང་སྙོམས་བྱེད་ཕྱོགས་ཐོག་ཟབ་སྦྱོང་ཞིག་གནང་ཡོད་འདུག
ད་རེས་བྷ་ར་ཛིལ་བོད་ཁང་ནས་འདི་ལྟབུའི་ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དེང་དུས་ཤེས་ཡོན་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་སློབ་སྦྱོང་སྤྲོད་ཐབས་བྱེད་རྒྱུ་གལ་ཆེན་པོ་ཡིན་ལུགས་ལམ་སྟོན་བཀའ་སློབ་བསྩལ་གནང་གི་ཡོད་པའི་ཐོག་ཞབས་འདེགས་ཕྲན་བུ་ཞུ་ཐུབ་པའི་ཆེད་ཡིན་འདུག
ཟབ་སྦྱོང་འདིའི་ཐོག་ཨེཀ་མན་མཆོག་གིས་ཐོག་མར་རང་ཉིད་ཀྱི་འདུ་ཤེས་སམ་ཚོར་བའི་བཏང་སྙོམ་བཤད་པའི་སྐབས། སེམས་ནང་མ་རུང་བའི་བསམ་བློ་འཁོར་བའི་སྐབས་དེ་དག་ཐོག་བཏང་འཛིན་ག་འདྲ་བྱེད་དགོས་མིན་ཤེས་རྟོག་ཐུབ་པ་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ནི་ཤིང་སྡོང་གི་རྩ་བ་ལྟབུ་ཡིན་པ་དང་། དེ་ནས་ཤིང་སྡོང་དེ་བཞིན་བརྟན་པོ་བཟོ་ཐབས་དང་། མཐའ་མར་ཤིང་སྡོང་དེའི་སྟེང་ལོ་མ་སྐྱེས་སྟངས་སོགས་ཀྱི་བརྒྱུད་ལམ་དཔེ་མཚོན་དུ་བཞག་གནང་ནས་རང་ཉིད་ཀྱི་བསམ་བློའི་འཁྱེར་བཟོ་དང་། ལྷག་པར་དུ་མ་རུང་བའི་བློ་སྐྱེས་པའི་སྐབས་དེ་དག་བཏང་སྙོམ་བྱེད་ཕྱོགས་བཅས་གང་ལྟར་བདེ་སྐྱིད་བསྐྲུན་ཐབས་ཀྱི་ཐབས་ལམ་ཡག་ཤོས་ནི་རང་ཉིད་ཀྱི་སེམས་ཚོར་ཐོག་སོ་སོས་ཉིན་རེ་ཉིན་རེར་བསམ་བློའི་གཏོང་ཕྱོགས་ལ་སྟངས་འཛིན་ཡག་པོ་བྱེད་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་སོགས་ཀྱི་ལམ་སྟོན་གནང་ཡོད་པ་རེད། ཁོང་གིས་སེམས་ཚོར་ཐོག་ཟབ་སྦྱོང་གནང་བའི་སྐབས་གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞི་ལ་བཞག་པའི་ཐོག་ནས་སློབ་སྟོན་གནང་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།