ང་ཚོ་ཕ་ཡུལ་དུ་ལོག་དགོས་ཞེས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་སྐད་འབོད།

2020-03-30
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་མི་སེར་ཚོས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་སྐད་འབོད་སྐབས། ༢༠༢༠།༣།༣༠
རྒྱ་ནག་གི་མི་སེར་ཚོས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་སྐད་འབོད་སྐབས། ༢༠༢༠།༣།༣༠
བལ་ཡུལ་ནས་བཏང་འབྱོར།

བལ་ཡུལ་ནང་ཡོད་པའི་རྒྱ་ནག་གི་མི་སེར་མང་པོ་ཞིག་གིས་ང་ཚོ་ཕ་ཡུལ་ལོག་དགོས་ཞེས་བལ་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་རྔམ་སྟོན་སྐད་འབོད་བྱས་འདུག
ཟླ་བ་འདི་ཚེས་༣༠་ཉིན། བལ་ཡུལ་ནང་ཚོང་ལས་དང་ཡུལ་སྐོར་སོགས་ཀྱི་ཆེད་ཡོད་པའི་རྒྱ་རིགས་གཙོས་རྒྱ་ནག་གི་མི་སེར་མང་པོ་ཞིག བལ་ཡུལ་གྱི་རྒྱལ་སའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འཛོམས་ནས་ང་ཚོ་ཕ་ཡུལ་དུ་ལོག་དགོས་ཞེས་རྔམ་སྟོན་སྐད་འབོད་བྱས་ཡོད་པ་དང་། གནས་ཚུལ་དེ་མཐོང་མཁན་བལ་ཡུལ་ནང་གནས་སྡོད་འབྲེལ་ཡོད་མི་སྣ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བ་ལྟར་ན། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེ་རྒྱ་ནག་ནས་ད་ཆ་ཧ་ལམ་འཛམ་གླིང་ཡོངས་སུ་ཁྱབ་ནས་གནས་སྟངས་ཛ་དྲག་པོ་ཡོད་པ་ལྟར། ཟླ་༣་པའི་ཚེས་༢༢་ཉིན་ནས། རྒྱ་ནག་གཞུང་གིས་ནད་ཡམས་སྔོན་འགོག་ཆེད་བལ་ཡུལ་ནས་རྒྱ་ནག་ཏུ་ཡོང་བར་ས་ཐོག་དང་མཁའ་འགྲུལ་སོགས་རྒྱལ་སྤྱིའི་འགྲུལ་ལམ་ཡོངས་སུ་བཀག་སྡོམ་བྱས་ཡོད་པ་དང་། དེའི་ཐོག་བལ་ཡུལ་གཞུང་གིས་ཚེས་༢༣་ཉིན། རྒྱ་ནག་དང་རྒྱ་གར་གྱི་མཐའ་མཚམས་ཡོངས་སུ་བཀག་སྡོམ་བྱས་བའི་ཐོག་རྒྱལ་ནང་དུ་འགྲུལ་བཞུད་མི་ཆོག་པ་དང་། ཚོང་ལས་རིགས་སྒོ་རྒྱག་དགོས་པའི་ཛ་དྲག་ཁྲིམས་གཞི་ལག་བསྟར་བྱས་བར་བརྟེན། བལ་ཡུལ་ནང་གི་རྒྱ་རིགས་གཙོས་རྒྱ་ནག་གི་མི་སེར་དེ་ཚོས་ཕྱིར་ཁོང་ཚོ་ཕ་ཡུལ་རྒྱ་ནག་ཏུ་ལོག་རྒྱུའི་ཐབས་ཤེས་བྱས་ཀྱང་གྲུབ་འབྲས་མ་བྱུང་བར་བརྟེན། འདི་ཚེས་༣༠་ཉིན་ཁོང་ཚོ་མ་གྲོས་གཅིག་མཐུན་ངང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་འཛོམས་ནས་ཕ་ཡུལ་དུ་ཕྱིར་ལོག་ཐུབ་ཆེད་རེ་འབོད་བྱས་བ་དང་། ད་དུང་ང་ཚོར་བཟའ་ཆས་མེད། ང་ཚོར་གྲོན་དངུལ་མེད། ང་ཚོ་ཕ་ཡུལ་དུ་ལོག་དགོས་ཞེས་སྐད་འབོད་བྱས་བ་དང་། རིང་བོ་མ་སོང་བར་བལ་ཡུལ་གྱི་ཉེན་རྟོག་པ་མང་པོ་འབྱོར་ནས་འདུ་འཛོམས་བྱེད་མི་ཆོག་ཚུལ་བཤད་ནས་རང་གནས་སུ་ལོག་བཅུག་འདུག་ལ། སྐད་འབོད་བྱེད་མཁན་རྒྱ་མི་རིགས་ཁ་ཤས་ཀྱིས། རྒྱལ་ཁབ་གཞན་པས་སོ་སོའི་མི་སེར་ཛ་དྲག་གི་སྐབས་སྐྱོབ་ཐབས་དང་ཕྱིེར་ལེན་ཐབས་བྱེད་བཞིན་ཡོད་ཀྱང་ང་ཚོར་རྒྱ་ནག་གཞུང་གིས་བདག་པོ་མི་བྱེད་པ་གང་རེད་ཅེས་བསམ་ཚུལ་བཏོན་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།
ཉེ་བའི་ལོ་ཤས་ནང་བལ་ཡུལ་དུ་དམངས་གཙོ་དང་། རྗེས་སུ་དམར་ཤོག་ཚོགས་པས་གཞུང་བཟུང་བ་བཅས་ཀྱི་སྐབས་རྒྱ་མི་རིགས་ཡོང་མཁན་ཇེ་མང་དུ་སོང་ཡོད་པ་དང་། དེ་ཡང་ཡུལ་སྐོར་གནས་སྐོར་ཙམ་མིན་པར། བལ་ཡུལ་ནང་གཏན་སྡོད་བྱས་ནས་ཟ་ཁང་དང་ཚོང་ཁང་སོགས་ཚོང་ལས་རིགས་གཉེར་མཁན་ཧ་ཅང་མང་པོ་ཡོད་པ་དང་། བལ་ཡུལ་གྱི་རྒྱལ་སའི་ཡུལ་སྐོར་སྤྲོ་འཁྱམ་གྱི་ས་ཁུལ་ཐཱ་མལ་ས་གནས་ཀྱི་སྲང་ལམ་གཅིག་ཡོངས་སུ་རྒྱ་རིགས་ཀྱི་ཚོང་ཁང་དང་། ཟ་ཁང་། ཆང་ཁང་སོགས་ཀྱིས་ཁེངས་ཡོད་པ་རེད།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ལྟར་ན། འདི་གའི་སྤྱི་ཟླ་ ༣ ་པའི་ཚེས་༣༠་ཉིན་གྱི་ཞོགས་པ་བར། བལ་ཡུལ་ནང་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཕོག་མཁན་མི་གྲངས་༥་ཐོན་ཡོད་པ་དང་། གཞན་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༠༢་ཙམ་གྱི་ནང་ཁྱབ་ནས། ད་བར་ཁྱོན་བསྡོམས་ནད་པ་མི་གྲངས་༦༩༣༢༢༤་ཐོན་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་༣༣༡༠༦་འདས་གྲོངས་སུ་ཕྱིན་འདུག་ལ། ད་ལྟའི་ཆར་ནད་པའི་གྲངས་ཀ་མང་ཤོས་ཨ་རི་དང་། ཨེ་ཊ་ལི། རྒྱ་ནག སུ་པན། ཇར་མན་བཅས་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།