རྒྱ་ནག་གི་སྲིད་འཛིན་གྱིས་ཨ་རིའི་སྲིད་འཛིན་ཟུར་པར་མེ་མདའ་ཕོག་པའི་ཉིན་གཅིག་གི་རྗེས་གདུང་སེམས་མཉམ་བསྐྱེད་ཞུས་འདུག

རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས་འདི་ཚེས་༡༤གཟའ་ཉི་མའི་ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཨ་རིའི་སྲིད་འཛིན་ཟུར་པ་ཌོལ་ནལཌི་ཀྲོརམ་(Donald Trump)་མི་ཞིག་གིས་མེ་མདའ་བརྒྱབ་ནས་རྨས་སྐྱོན་ཕོག་པར་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་པའི་གནས་ཚུལ་བཀོད་ཡོད་པ་དང་། དེ་ནི་དོན་རྐྱེན་དེ་བྱུང་ནས་ཉིན་གཅིག་གི་རྗེས་ཡིན་པ་དང་། རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་འགྱུར་ལས་ཁང་དང་བརྙན་འཕྲིན་ལས་ཁང་(CCTV)་སོགས་ཀྱིས་རྒྱ་ནག་ནང་ཨ་རིའི་ནང་དོན་རྐྱེན་དེ་བྱུང་ནས་ཅུང་མ་འགོར་བར་དེའི་སྐོར་གསར་འགྱུར་ཡང་ཡང་སྤེལ་ཡོད་པ་རེད།
ཤིན་ཧཱ་གསར་ཁང་གིས་གཟའ་ཉི་མའི་ཉིན་དུས་ཚོད་ཀྱི་རེའུ་མིག་ཅིག་ཁྱབ་བསྒྲགས་བྱས་པ་དེའི་ནང་འཇབ་རྒོལ་དེའི་གནས་ཚུལ་ཞིབ་ཕྲ་བཀོད་ཡོད་པ་དང་། དེ་བཞིན་དྲ་རྒྱའི་ཐོག་ཨ་རིའི་སྲིད་འཛིན་ཟུར་པར་མེ་མདའ་ཕོག་པའི་སྐོར་གྱི་གནས་ཚུལ་ཐད་གླེང་སློང་བྱ་རྒྱུར་ཡང་བཀག་འགོག་གང་ཡང་བྱས་མེད་པ་རེད།

former President Donald Trump (1).jfif
རྒྱ་ནག་པེ་ཅིང་གི་ཁྲོམ་རྭ་ཞིག་གི་ནང་ཨ་རིའི་སྲིད་འཛིན་ཟུར་པ་ཌོལ་ནལཌི་ཀྲོརམ་ལ་མེ་མདའ་ཕོག་པའི་གསར་འགྱུར་སྟོན་བཞིན་པ། ༠༧།༡༤།༢༠༢༤ པར། AFP


གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།