བོད་པའི་སྨན་ཞབས་པ་ཞིག་ལ་ཀོན་ཏྲ་ཀོས་ཊ་རྫོང་གིས་ཆེ་བསྟོད་ངོས་འཛིན་གྱི་ཕྱག་འཁྱེར་གནང་པ།
རླུང་ཁ་བ་བསྟན་འཛིན་སྒྲོལ་མ་ལགས་ནི། ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་ཨོཀ་ལེནཌི་ (Oakland) གྲོང་ཁྱེར་གྱི་ཀཡེ་སར་ (Kaiser) སྨན་ཁང་གི་འབྲས་ནད་སྡེ་ཚན་དུ་ཕྱག་ལས་གནང་གི་ཡོད་ཅིང་། ཁོང་གིས་རྒྱུན་དུ་བོད་མིའི་བཟང་སྤྱོད་དང་གཞན་ཕན་གྱི་ཀུན་སློང་ཐོག་ནས་ཕྱག་ལས་གནང་གི་ཡོད་པར་བརྟེན་ལས་རོགས་དང་ནད་པ་ཚོའི་དགའ་མོས་ཐོབ་པ་མ་ཟད། ཁེ་ལི་ཧྥོར་ནི་ཡའི་ཀོན་ཏྲ་ཀོས་ཊ་ (Contra Costa) རྫོང་གི་ (Board of Supervisors) ཞེས་འགན་འཛིན་ལྷན་ཚོགས་ཀྱིས་ཆེ་བསྟོད་ངོས་འཛིན་གནང་སྟེ་བོད་རིགས་སྤྱི་མཐུན་ཚོགས་པའི་འདུ་འཛོམས་ཤིག་གི་སར་རྫོང་གི་འབྲེལ་ཡོད་འགན་འཛིན་འཇོན་ ཇོ་ཡ་ལགས་ཀྱིས་གསལ་བསྒྲགས་དང་སྦྲགས་ཆེ་བསྟོད་ཀྱི་ཕྱག་འཁྱེར་གནང་སྟེ་ཁོང་གིས་སྨན་ཁང་དུ་ཕྱག་ལས་གནང་སྟངས་ལ་ངོས་འཛིན་གནང་ཡོད་པ་རེད།
བསྟན་འཛིན་སྒྲོལ་མ་ལགས་ནི་རྡ་ས་བོད་ཕྲུག་ཁྱིམ་སྡེར་སློབ་སྦྱོང་གནང་མྱོང་ཡོད་པ་དང་། སུ་ཇུ་བོད་ཁྱིམ་དུ་སྨན་ཞབས་པ་དང་སྨན་ཁང་གི་འགན་འཛིན་གནང་པ། དེ་ནས་ཤེས་རིག་ལས་ཁུངས་བརྒྱུད་ཨ་རིར་སློབ་ཡོན་ཐོབ་སྟེ་ཨེ་མོ་རི་གཙུག་ལག་སློབ་གྲྭར་གཙུག་ལག་རབ་འབྱམས་པའི་ (Master’s Degree) ཐོག་ལ་སྨན་ཞབས་པའི་སློབ་གཉེར་གནང་སྟེ་རྡ་ས་བདེ་ལེགས་སྨན་ཁང་དང་། དེ་བཞིན་རྒྱ་གར་གྱི་སྨན་ཁང་སོགས་སུ་ཕྱག་ལས་གནང་མྱོང་ཡོད་འདུག

ཡང་ཀཡེ་སར་སྨན་ཁང་གཅིག་པུར་མཚོན་ན། བྱང་ཀེ་ལི་ཧྥོར་ནི་ཡར་སྨན་ཁང་ ༢༡ ནང་སྨན་ཞབས་པ་ ༢༨༠༠༠ ཙམ་ཡོད་ཅིང་། ཀོན་ཏྲ་ཀོས་ཊ་རྫོང་གི་ཁྱབ་ཁོངས་ཨོཀ་ལེནཌི་ཡན་ལག་སྨན་ཁང་དུ་བསྟེན་གཏུག་གནང་མཁན་ཁྲག་འབྲས་ནད་པ་པང་ཀཇ་ གྷོས་ཝ་མི། (Pankaj Goswami) ལགས་ནི་ཁྲག་ཕུང་དཀར་པོའི་འབྲས་ནད་ཀྱི་ནད་གཞི་ཡོད་མཁན་ཞིག་ཡིན་པ་དང་། དུས་ཡུན་ཟླ་བ་གཅིག་ཙམ་གྱི་རིང་སྨན་བཅོས་བསྟེན་གཏུག་གནང་རིང་། བསྟན་འཛིན་སྒྲོལ་མ་ལགས་ཀྱིས་ནད་པའི་དཀའ་ངལ་དངོས་སུ་ཤེས་པའི་ཐོག་ནས་ལྟ་རྟོག་ཧ་ཅང་ཡག་པོ་གནང་གི་ཡོད་པའི་གཟིགས་ཚུལ་བྱུང་པ་གསུངས་ཤིང་། སྨན་ཁང་འདིའི་ལོ་འཁོར་གཅིག་གི་རྩེ་ཕུད་སྨན་ཞབས་པའི་འོས་མིར་མིང་འདོན་བྱ་རྒྱུའི་བསམ་བློ་འཁོར་བྱུང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

མེ་རི་ ཨངྒ་མི་ཌོ་ (Mary Angamido) ལགས་ནི་ལོ་ངོ་ ༡༦ གི་གོང་ཐོག་མར་ཁོང་ཀཡེ་སར་ སྨན་ཁང་དུ་སྨན་ཞབས་པར་གསར་ཞུགས་བྱེད་སྐབས། ཁོང་ལ་སློབ་ཁྲིད་དང་ལས་དོན་ངོ་སྤྲོད་གནང་མཁན་ཞིག་ཡིན་པས། ད་བར་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་ནད་པའི་བདེ་སྡུག་ལ་ལྟ་སྐྱོང་དང་བདེ་སྡུག་ཆེད་ཞུ་སྐུལ་དོ་ནན་གནང་མཁན་ཞིག་ཡིན་པ་ངས་དངོས་སུ་མཐོང་མྱོང་ཡོད་ལ། རང་གི་གོ་རྟོགས་ནུས་རྩལ་ཇི་ཡོད་རྣམས་སྨན་ཞབས་པ་གསར་པ་ཚོར་བརྒྱུད་སྤྲོད་གནང་མཁན་དང་། ནད་པ་ཚོ་ནི་རང་གི་ནང་མི་བཞིན་དུ་ལྟ་རྟོགས་གནང་གི་རེད་ཅེས་གསུངས་བྱུང་།
བསྟན་འཛིན་སྒྲོལ་མ་ལགས་ཀྱིས་རྒྱུན་ལྡན་སྨན་ཞབས་པའི་ཕྱག་ལས་དང་མཉམ་དུ། རེས་གཟའ་ཉི་མ་ནམ་ཡིན་ལ་རྣམ་དཔྱོད་སྐྱེད་ཚལ་ཞེས་བྱང་ཁེ་ལི་ཧྥོར་ནི་ཡའི་གཟའ་མཇུག་བོད་ཡིག་སློབ་གྲྭར་དྭང་བླངས་དགེ་རྒན་གྱི་ཕྱག་ལས་གནང་གི་ཡོད་པ་རེད།
ཁོང་གི་སྨན་ཁང་གི་ལས་རོགས་ཌེ་བྷོ་ར་ བྷོལ་ཊོན་ (Deborah Bolton) ལགས་ཀྱིས། བོད་པའི་སྤྱི་ཚོགས་ཁྲོད་དུ་ཁོང་གིས་ཕྱག་ལས་ཇི་ལྟར་གནང་པ་བཞིན་སྨན་ཁང་ནང་དུའང་འགན་ཁུར་ཡག་པོ་བླངས་ཀྱི་ཡོད་ལ། ནད་པར་དཀའ་ངལ་ཆེན་པོ་ཡོད་པ་དེ་དག་དབུས་བཞག་གིས་ལྟ་རྟོག་དང་སྨན་བཅོས་ཀྱི་ཐབས་ལམ་འཚོལ་གྱི་རེད་ཅེས་གསུངས་བྱུང་།
ཕྱི་ལོ་ ༡༩༧༠ ཡས་མས་སུ་བྱང་ཨ་རིའི་ནང་བོད་མིའི་ཚོ་ཁག་གཞིས་སྤོས་འགོ་འཛུགས་བྱས་ཏེ་ད་ལྟ་བོད་མི་ ༢༦༠༠༠ ཙམ་ཡོད་པའི་ཚོད་དཔག་གནང་གི་ཡོད་པ་དང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་། མི་ནི་སོ་ཊ་མངའ་སྡེ། ཁེ་ལི་ཧྥོར་ནི་ཡ་མངའ་སྡེ། ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་བཅས་སུ་བོད་མི་འབོར་ཆེན་གནས་སྡོད་བྱེད་ཀྱི་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
