བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།

2022.09.20
Share on WhatsApp
Share on WhatsApp
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ། ཉེ་ལམ་ཡུ་ཀྲུབ་ཚོང་ལས་ཁང་ནས་ཁོང་ལ་གསེར་གྱི་རྟགས་མ་ཐོབ་པ།
Ted Kunchok

དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གནད་དོན་འདྲ་མིན་ཐོག་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་བཀོད་སྤྱོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ཁྲོད། ཉམ་ཐག་ཚོར་རོགས་རམ་དང་འབྲེལ་བའི་ལེ་ཚན་བཟོ་མཁན་བོད་མིའི་ན་གཞོན་བསྟན་འཛིན་དཀོན་མཆོག་གམ་ཡོངས་གྲགས་སུ་Ted Kunchok ལགས་ཀྱི། ཡུ་ཀྲུབ་ཐོག་རྒྱལ་ཁབ་ཕྱི་ནང་ནས་རྗེས་འབྲང་པ་(Subscriber) ས་ཡ་གཅིག་ལྷག་བྱུང་སྟེ། ཡུ་ཀྲུབ་ཚོང་ལས་ཁང་ནས་ཁོང་ལ་ཆེ་མཐོང་གིས་གསེར་གྱི་རྟགས་མ་སྤྲོད་འདུག་པ་དེ་ནི་དྭངས་གཙང་གི་ཀུན་སློང་ཡོད་པའི་སྒོ་ནས་ལེ་ཚན་དེ་འགོ་བཙུགས་གནང་བའི་རྗེས་འབྲས་ཡིན་པ་འགྲེལ་བརྗོད་གནང་བྱུང་།

བོད་མི་ན་གཞོན་བསྟན་འཛིན་དཀོན་མཆོག་ལགས་ནི་རྒྱ་གར་རྒྱལ་ས་ལྡི་ལིར་གནས་སྡོད་བྱེད་ཀྱི་ཡོད་པ་དང་། ཆུང་དུས་རྡ་སྟེང་བོད་ཁྱིམ་སློབ་གྲྭར་སློབ་གཉེར་གནང་འདུག་ཅིང་། ཁོང་གིས་ཡུ་ཀྲུབ་ནང་ཉམ་ཐག་ཚོར་རོགས་རམ་བྱེད་རྒྱུའི་ལེ་ཚན་དེ་༢༠༢༠ ལོའི་སྤྱི་ཟླ་༤ པའི་ནང་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་། ད་བར་འཚོ་བར་དཀའ་ངལ་འཕྲད་བཞིན་པའི་རྒྱ་གར་བ་དང་བོད་མི་ཉམ་ཐག་མང་དག་ཅིག་ལ་རོགས་རམ་གནང་འདུག་པ་དེས་རང་བཞིན་གྱི་སྤྱི་ཚོགས་བཟང་ཕྱོགས་ཀྱི་ཤུགས་རྐྱེན་སྤྲོད་བཞིན་ཡོད་འདུག

ཁོང་གི་ཡུ་ཀྲུབ་ལེ་ཚན་དེའི་ནང་ལྟ་མཁན་བརྒྱ་ཆ་༧༦ ཙམ་རྒྱ་གར་ནས་ཡིན་འདུག་པ་དང་། དེ་ནས་ཨ་རི་དང་། བལ་ཡུལ།་དབྱིན་ཡུལ། པ་ཀིསི་ཐན་སོགས་ནས་ཡིན་འདུག་ཅིང་། ཉེ་ལམ་ཡུ་ཀྲུབ་ཚོང་ལས་ཁང་ནས་ཁོང་ལ་གསེར་གྱི་རྟགས་མ་ཐོབ་པ་དེ་ནི་གཙོ་བོ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཞག་གིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་ཐབས་དང་ཁོ་བོའི་རྨོ་བོ་ལགས་ཀྱིས་བཀའ་དྲིན། དེ་བཞིན་རྒྱ་ཆེན་མང་ཚོགས་བཅས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ངོས་འཛིན་གནང་གི་འདུག

གཞན་ཡང་ཁོང་གིས་ཡོ་ཀྲུབ་ཀྱི་ཟླ་རེའི་ཡོང་འབབ་ཀྱི་དངུལ་དེ་གཙོ་བོ་ཉམ་ཐག་ཚོར་རོགས་རམ་བྱེད་རྒྱུ་དང་། དེ་བཞིན་ཉིན་རེར་འཚོ་གནས་དང་འགྲིམ་འགྲུལ་བཅས་གསུམ་ལ་འཆར་འགོད་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་ཞིང་། ཁོང་གི་ལས་གཞི་དེར་ཐོག་མར་རྒྱབ་སྐྱོར་གནང་མཁན་ཨ་རིར་གནས་བཞུགས་བསྟན་འཛིན་ནོར་སྒྲོལ་ལགས་ཀྱིས་རྒྱབ་སྐྱོར་གྱི་འགོ་འཛུགས་གནང་བ་ཞིག་ཡིན་འདུག་ལ། ད་སྐབས་བོད་པའི་སྤྱི་ཚོགས་ཙམ་མིན་པར། རྒྱ་གར་གྱི་གནད་ཡོད་མི་སྣ་དང་གློག་བརྙན་འཁྲབ་སྟོན་གནང་མཁན་ཁྲོད་ཁོང་ལ་བསྔགས་བརྗོད་གནང་མཁན་མི་ཉུང་བ་ཞིག་བྱུང་ཞིག་ཡོད་འདུག

 

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎