རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས་སུ་ལོ་བདུན་གྱི་ཁྲིམས་ཆད་ཀྱི་བཅད་ཁྲ་བཏང་ཡོད་རུང་། དུས་བཀག་ལས་ཟླ་བ་ལྔ་མང་བ་བཙོན་འཇུག་བྱས་ཏེ་ཉིན་གྲངས་ཁ་ཤས་གོང་གློད་བཀྲོལ་བཏང་ཡོད་པ་དང་། ད་ལྟའི་ཆར་ཁོང་ཕ་ཡུལ་མགོ་ལོག་དགའ་བདེ་རྫོང་གི་རྐྱང་ཆད་ཡུལ་ཚོའི་རང་ཁྱིམ་དུ་འབྱོར་ཡོད་པ་ལས། དེ་མིན་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་སོགས་གནས་ཚུལ་ཁ་གསལ་གང་ཡང་མི་འདུག་ཅེས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། དེ་བཞིན་ས་གནས་སུ་འབྲེལ་བ་ཡོད་པའི་མི་སྣ་ཞིག་གིས་འདི་ནི་གནས་ཚུལ་བདེན་པ་ཡིན་ཡང་། ཁོང་གློད་བཀྲོལ་བཏང་པའི་དུས་ཚེས་འདི་ཕྱི་ཟླ་ ༢ ཚེས་ ༧ དང་ ༨ ཇི་ཡིན་གསལ་ཁ་མེད་པ་གསུང་མཁན་ཁག་གཉིས་ཡོང་གི་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ད་ལྟའི་ཆར་ས་གནས་སུ་འབྲེལ་བ་བྱེད་རྒྱུ་ཤིན་ཏུ་དཀའ་ཡང་མུ་མཐུད་གནས་ཚུལ་རྩད་གཅོད་ཞུ་མུས་ཡིན།
ཨ་ཉག་སེང་སྒྲ་ལགས་སུ་ལོ་ ༧ གྱི་བཙོན་འཇུག་དུས་བཀག་དེ་ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༦ ཉིན་རྫོགས་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་དུས་ཡུན་འཕར་མ་བཀག་སྟེ་ཕྱི་ཚེས་ ༧ ཉིན་གློད་བཀྲོལ་བཏང་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཁོར་ཡུག་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། “རྒྱ་ནག་གཞུང་གི་ཁྲིམས་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་ཐད་གུས་བརྩི་ཡོད་སྐོར་བརྗོད་ཀྱི་ཡོད་ཀྱང་། ཨ་ཉག་སེང་སྒྲ་ལྟ་བུའི་རླབས་ཆེན་གྱི་མི་སྣ་ཞིག་ལ་དེ་ལྟ་བུའི་མནར་གཅོད་བཏང་བ་དེས། རྒྱ་ནག་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཟེར་བ་དེ་མིང་ཙམ་ལས་དོན་ངོ་མར་བོད་ནང་ལག་བསྟར་བྱེད་ཀྱི་མེད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་པ་བཙོན་འཇུག་བྱས་པ་ཆ་ཚང་གློད་བཀྲོལ་གཏོང་དགོས་ཤིང་། གལ་ཏེ་བོད་ནང་གི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཐུབ་ན། རྒྱ་ནག་ཙམ་དུ་མ་ཟད་འཛམ་གླིང་ཧྲིལ་པོའམ་འགྲོ་བ་མི་སྤྱི་ཡོངས་ཀྱི་བདེ་རྩར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་ཨ་ཉག་སེང་སྒྲ་ལགས་གློད་བཀྲོལ་ཐོབ་ཡོད་ནའང་སྐུ་གཟུགས་ཀྱི་འཕྲོད་བསྟེན་གནས་སྟངས་ཡག་པོ་ཡོད་མེད་གནས་ཚུལ་ཁ་གསལ་མེད་པ་འདི་སེམས་འཚབ་བྱེད་གཞི་ཞིག་ཡིན་པ་དང་། བོད་པའི་ཆབ་སྲིད་བཙོན་པ་གློད་སྐབས་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པས། ཨ་ཉག་སེང་སྒྲ་ལགས་ཀྱི་གནས་སྟངས་ཇི་ཡིན་གསལ་པོ་མེད་པ། ཁོང་གིས་ཁོར་ཡུག་གི་གནས་བབ་དང་། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་པ་ཡིན་སྟབས། རང་ཉིད་གློད་བཏང་གནང་པར་ང་རང་སྒེར་གྱི་ངོས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ཁོང་གི་ཕྱག་ལས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་བོད་མིར་སེམས་ཤུགས་བསྐྲུན་རྒྱུར་ཕན་རླབས་ཆེན་པོ་བསྒྲུབས་ཡོད་པས་ཁོང་གི་བློས་གཏོང་དང་སེམས་ཤུགས་ལ་དྲན་གསོ་ཞུ་རྒྱུ་གལ་ཆེན་རེད་ཅེས་གསུངས་བྱུང་།
ཨ་ཉག་སེང་སྒྲ་ལགས་ཀྱིས། རྒྱ་ནག་གིས་བོད་ནང་ཁྲིམས་ལུགས་དང་མི་མཐུན་པར་གཏེར་ཁ་སྔོག་འདོན་བྱས་པ་དང་། ཁྲིམས་འགལ་གྱི་རི་དྭགས་རྔོན་རྒྱག་པ། དེ་བཞིན་ས་གནས་སྲིད་གཞུང་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཡོང་གི་ཡོད་པ་བརྗོད་དེ་ངོ་རྒོལ་བྱས་རྐྱེན། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༤ ཉིན་ས་གནས་དགའ་བདེ་རྫོང་གི་སྤྱི་བདེ་ཉེན་རྟོག་མི་སྣས་ཨ་ཉག་སེང་སྒྲ་ལགས་སུ་སྤྱི་ཚོགས་ཀྱི་བརྟན་ལྷིང་གཏོར་བཤིག་བཏང་བའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་པ་རེད། འོན་ཀྱང་ཨ་ཉག་སེང་སྒྲ་ལགས་སུ་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༧ བར་ཁྲིམས་གཏུགས་མ་བྱས་པར་ལོ་གཅིག་ལྷག་བཀག་ཉར་བྱས་ཏེ། དེ་ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ལོ་བདུན་གྱི་ཁྲིམས་བཅད་བཏང་པ་དང་། སྐབས་དེར་ཨ་ཉག་སེང་སྒྲ་ལགས་ཀྱིས་ཉེས་འཛུགས་དེར་ངོས་ལེན་མ་བྱས་པར། བསྐྱར་དུ་ཁྲིམས་རྩོད་པ་ལེན་ཆི་སོགས་ཀྱི་བརྒྱུད་ནས་གོང་རིམ་ལ་ཞུ་གཏུགས་རིམ་པ་གནང་ཡང་ཁོང་ལ་ཉེས་ཡངས་ཀྱི་དོན་འབྲས་སྨིན་པ་གང་ཡང་བྱུང་མེད་པ་རེད།།
