རང་ལོ་ ༢༢ ལ་སླེབས་པའི་དབྱངས་ཅན་ལྷ་མོ་ལགས་ཀྱིས་ཚེས་ ༡༣ ཉིན་གྱི་རྐྱང་ལེབ་གངས་ཤུད་ཀྱི་འགོག་སེལ་རྗེས་དེད་རྣམ་གྲངས་ནང་ཞུགས་ནས་ཨང་ ༢༧ ཐོབ་ཡོད་པ་དང་། རང་ལོ་ ༢༠ ལ་སླེབས་པའི་ཚེ་བརྟན་གཡུ་སྒྲོན་ལགས་ཀྱིས་གངས་རི་འཛེགས་ཤུད་ཀྱི་མྱུར་རྒྱུག་ནང་ཨང་ ༡༣ ཐོབ་པ་དང་ཟུང་སྦྲེལ་རྒྱུག་འགྲན་ནང་ཨང་བརྒྱད་པ་ཐོབ་ཡོད་ཅིང་། ཡང་ལོ་ ༢༢ ལ་སླེབས་པའི་སྐལ་བཟང་ཆོས་སྒྲོན་ལགས་ནི་ལྗོངས་བགྲོད་གངས་ཤུད་རྣམ་གྲངས་ཀྱི་ཚབ་སྣོན་ལུས་རྩལ་པ་རེད་འདུག་ལ། ལོ་ ༢༣ ལ་སླེབས་པའི་བསོད་ནམས་ཆོས་སྒྲོན་ལགས་ཀྱང་གངས་རི་འཛེགས་ཤུད་ཀྱི་ཚབ་སྣོན་ལུས་རྩལ་པ་རེད་འདུག དེ་བཞིན་རྩལ་ཁྲིད་དགེ་རྒན་བསོད་ནམས་ལགས་ཀྱང་འགྲན་ཚོགས་ནང་མཉམ་ཞུགས་གནང་འདུག
རྒྱ་གར་དུ་ཡོད་པའི་ལུས་རྩལ་དགེ་རྒན་ཟུར་པ་སྲི་ཐར་ལགས་ཀྱིས་བོད་པ་ཞིག་འཛམ་གླིང་རྩེད་འགྲན་ལ་མཉམ་ཞུགས་ཐུབ་པར་དགའ་པོ་ཡོང་གི་འདུག་ལ། ཡང་ང་ཚོར་རྒྱལ་ཁབ་མེད་པར་རྒྱ་ནག་གི་རྒྱལ་དར་འོག་རྩེད་འགྲན་ནང་མཉམ་ཞུགས་བྱས་པ་དེར་སྐྱོ་སྣང་ཡོང་གི་འདུག བོད་པར་དམིགས་བསལ་གྱི་ནུས་པ་ཞིག་གི་ཐོག་ནས་རྩེད་རིགས་ཁག་ནང་རྩེ་ཕུད་ཤ་སྟག་རེད་ཅེས་གསུངས་བྱུང་།
ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་མཉམ་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་བོད་པ་ཞིག་ཨོ་ལོམ་པིཀསི་རྩེད་འགྲན་ནང་མཉམ་ཞུགས་ཐུབ་པ་འདི་བོད་པའི་གཟི་བརྗིད་རེད་ལ། སྒེར་ལ་ཡང་གོ་སྐབས་ཤིག་ཐོབ་པ་རེད། འོན་ཀྱང་རྒྱ་ཆེ་ས་ནས་བལྟས་ན། རྒྱ་ནག་གཞུང་གིས་རྩེད་འགྲན་འདི་རྩེད་འགྲན་ལ་མ་བཞག་པར། ཆབ་སྲིད་ཀྱི་དགོས་མཁོར་དམིགས་ཏེ་བེད་སྤྱོད་བྱེད་ཀྱི་ཡོད་པ་ཚང་མས་མཁྱེན་གསལ་རེད་ཅེས་གསུངས་བྱུང་།
འོན་ཀྱང་བོད་མི་ཨོ་ལོམ་པིཀསི་ལུས་རྩལ་འགྲན་ཚོགས་ནང་ཞུགས་ཐུབ་པའི་གནས་སྟངས་འདི་རང་བཞིན་གྱིས་བྱུང་བ་ཞིག་མ་ཡིན་པར། ལོ་མང་རིང་རྒྱ་ནག་གཞུང་གིས་དམིགས་ཡུལ་ལྡན་པའི་ཐོག་ནས་འདེམས་སྒྲུག་དང་སྦྱོང་བརྡར་སྤྲད་པ་བརྒྱུད་ཐོན་པ་ཞིག་ཆགས་འདུག
རྒྱ་ནག་གཞུང་འབྲེལ་གྱི་གོ་ལའི་དུས་བབ་ཅེས་པའི་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དགུན་དུས་ཨོ་ལོམ་པིཀསི་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་དབྱངས་ཅན་ལྷ་མོ་ལགས་ནི་དེ་སྔོན་རྐང་རྩེད་སྤོ་ལོ་རྩེད་མཁན་གྱི་ལུས་རྩལ་བ་ཞིག་ཡིན་པ་དང་། ཡང་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་ལོམ་པིཀསི་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་ཚེ་རིང་དགྲ་འདུལ་ལགས་ནི་རྒྱང་རྒྱུག་ལུས་རྩལ་པ་ཞིག་ཡིན་ན་ཡང་རྒྱ་ནག་གཞུང་གིས་བཀོད་སྒྲིག་འོག་ཕྱི་ལོ་ ༢༠༡༨ ལོར་གངས་ཤུད་འགྲན་བསྡུར་ཆེད་སྦྱོང་བརྡར་བྱེད་བཅུག་འདུག
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ནག་གཞུང་གིས་བོད་ནང་སྙིང་སྟོབས་ཆེན་པོའི་ལས་གཞི་ཟེར་བ་དང་མྱུ་གུའི་ལས་གཞི་ཟེར་བ་གཉིས་སྤེལ་ཡོད་པ་འདི་ནི་ཆེད་མངགས་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་སུ་དམིགས་པ་ཞིག་དང་། དེའི་ནང་ནས་སྙིང་སྟོབས་ཆེན་པོའི་ལས་གཞི་ཟེར་བ་འདི་ནི་ཕྱི་ལོ་ ༢༠༢༤ དང་ཕྱི་ལོ་ ༢༠༢༦ ཕྱི་ལོ་ ༢༠༢༨ བཅས་ཀྱི་ཨོ་ལོམ་པིཀསི་ལུས་རྩལ་འགྲན་ཚོགས་ལ་དམིགས་ནས་རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན་ཞིང་ཆེན། དེ་བཞིན་ཤིང་ཅང་སོགས་མཐོ་སྒང་ས་ཁུལ་ནས་དབུགས་ཐག་རིང་པོའི་དགེ་མཚན་ལྡན་པའི་ན་གཞོན་འདེམས་སྒྲུག་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༢༡ ལོར་བོད་ཀྱི་ས་ཁུལ་ཁག་ ༧ ནང་ནས་སློབ་མ་ ༥༠༠༠ ཙམ་ལ་བརྟག་ཞིབ་བྱས་པ་བརྒྱུད་མཐར་སློབ་མ་ ༡༢༠ ཙམ་བདམས་ནས་སྦྱོང་བརྡར་གྱི་ལས་གཞིའི་ནང་བཅུག་ཡོད་འདུག
དེ་མིན་མྱུ་གུའི་ལས་གཞི་ཟེར་བ་འདི་ནི་ཕྱི་ལོ་ ༢༠༡༧ ལོར་འགོ་བཙུགས་པ་ཞིག་ཡིན་ཞིང་། བོད་ནས་རང་ལོ་ ༡༢ ནས་ ༡༥ བར་གྱི་སློབ་མ་འདེམས་སྒྲུག་བྱས་ཏེ། རྒྱ་ནག་གི་ཇི་ལིན་དང་ཧེ་ལུང་ཅང་སོགས་ས་གནས་སུ་ཆུང་དུས་ནས་བོད་ཕྲུག་ལ་སྲོལ་རྒྱུན་གྱི་ཤེས་ཡོན་སློབ་གསོ་དང་འཚོ་བའི་གོམས་གཤིས་ཐ་དད་ཡིན་པའི་སློབ་གསོ་སྤྲད་ཡོད་འདུག ཡང་བོད་ཕྲུག་བདམས་དོན་ནི་ས་མཐོའི་ན་གཞོན་ཚོ་སྦྱོང་བརྡར་གྱི་ཁྲོད་སྡུག་རུས་ཆེན་པོ་དང་དབུགས་ཐག་རིང་པོ་སོགས་ཀྱི་ཁྱད་ཆོས་འདི་རྒྱ་ནག་གཞུང་གིས་རྩེད་འགྲན་ནང་རྟགས་མ་ཐོབ་པའི་ལག་ཆར་གྱུར་ཡོད་པ་བརྗོད་མཁན་བྱུང་།
ཡང་སྲི་ཐར་ལགས་ཀྱིས་མུ་མཐུད་གསུངས་པར། རྒྱ་ནག་གཞུང་གིས་ནུས་པ་ཡོད་པའི་ཕྲུ་གུར་ཆུང་དུས་ནས་སྦྱོང་བརྡར་སྤྲད་པ་དང་། ཕྲུ་གུ་འདི་དག་ལ་འགྲོ་བ་མིའི་ཐོབ་ཐང་མེད་པར། ཕྲུ་གུ་དང་ཕ་མའི་འདོད་པ་ཡོད་མེད་ལ་མ་བལྟོས་པར་བཙན་དབང་ངང་སྦྱོར་བརྡར་སྤྲོད་ཀྱི་ཡོད་པ་རེད་ཅེས་གསུངས་བྱུང་།
བུ་ཆུང་ཚེ་རིང་ལགས་ཀྱིས་བོད་མི་རྒྱལ་སྤྱིའི་རྩེད་འགྲན་ཐོག་རྒྱ་ནག་གཞུང་གིས་མཉམ་ཞུགས་བྱེད་བཅུག་པ་འདི་ཉེ་བའི་ལོ་བཅུ་ཕྲག་གཅིག་གཉིས་ལས་ཕྱིན་མེད། འདིའི་སྔོན་གྱི་ལོ་མང་པོའི་རིང་བོད་མིར་གོ་སྐབས་སྤྲད་མེད། ད་ཆ་རྒྱལ་སྤྱིའི་ཐོག་བོད་མིར་ཆེ་མཐོང་ཡོད་དུས་རྒྱ་ནག་གཞུང་གིས་འཇམ་པོའི་ཐོག་ནས་རྒྱལ་སྤྱིའི་བསམ་བློར་སྒྱུར་བ་གཏོང་ཐབས་བྱེད་ཀྱི་ཡོད་སྲིད་པ་རེད་ཅེས་གསུངས་བྱུང་།
བོད་ནང་མཚོན་ན། ད་ལྟའི་བར་ཚད་ལྡན་གྱི་གངས་ཤུད་རྭ་བ་དང་། འཁྱག་རོམ་ལུས་རྩལ་གྱི་མ་ལག་ཆ་ཚང་བ་ཞིག་མེད་པས་དམངས་ཁྲོད་དུ་དགུན་དུས་ཀྱི་ལུས་རྩལ་རྣམ་གྲངས་དེ་རིགས་ལ་མཉམ་རོལ་བྱེད་པའི་གོ་སྐབས་མེད་པ་རེད།
ཡང་ལུས་རྩལ་བ་སྒེར་གྱི་ངོས་ནས་བཤད་ན། ཨོ་ལོམ་པིཀསི་ལུས་རྩལ་འགྲན་ཚོགས་ནང་ཞུགས་པའི་གོ་སྐབས་དང་མི་ཚེའི་ནང་གི་གྱུར་བ་ཞིག་ཡིན་སྲིད། གང་ཡིན་ཞེ་ན། ཁོང་ཚོ་མང་ཆེ་བ་ནི་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་ནས་ཡིན་ཞིང་། ཕྱོགས་གཞན་ཞིག་ནས་བལྟས་ན། བོད་པའི་ལུས་རྩལ་བ་འདི་དག་ནི་རྒྱ་ནག་གཞུང་གིས་དམིགས་ཡུལ་ལྡན་པའི་ཐོག་ནས་འདེམས་སྒྲུག་དང་དཀའ་ཚེགས་ཆེ་བའི་ཚད་མཐོའི་སྦྱོང་བརྡར་གྱི་འགྲོ་སྟངས་འདིའི་འོག་ནས་ཐོན་པའི་ལག་ཆ་ཞིག་ཡིན་པ་ལས། རང་ཉིད་ཀྱི་དགའ་མོས་ལྟར་རང་དབང་ལྡན་པའི་གདམ་ཀ་གཞན་མེད་པ་རེད་ཅེས་བརྗོད་མཁན་འདུག
ཕྱི་ལོ་ ༢༠༢༦ ལོའི་ཨོ་ལོམ་པིཀསི་ལུས་རྩལ་འགྲན་ཚོགས་ཐོག་མཉམ་ཞུགས་བྱེད་མཁན་བོད་པའི་ན་གཞོན་ཚོའི་གྲུབ་འབྲས་ཀྱི་རྒྱབ་ཏུ་རྒྱལ་ཁབ་ཀྱི་སྒྲིག་འཛུགས་དང་སྲིད་ཇུས་ཀྱི་གྲིབ་གཟུགས་ཤིག་ཀྱང་གསལ་པོར་མངོན་ཀྱི་ཡོད་པར་ངོས་འཛིན་གནང་མཁན་འདུག
ཡང་བོད་ཀྱི་ལོ་རྒྱུས་ཐོག་འདུར་རྒྱུག་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ནི་དབྱར་དུས་ཀྱི་ཨོ་ལོམ་པིཀསི་ལུས་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་ཐོབ་མཁན་བོད་པ་ཐོག་མ་འདི་ཆགས་ཡོད་ཅིང་། ཕྱི་ལོ་ ༢༠༢༢ ལོར་པེ་ཅིང་གི་དགུན་དུས་ཨོ་ལོམ་པིཀསི་ལུས་རྩལ་འགྲན་ཚོགས་ནང་བོད་པའི་ལུས་རྩལ་པ་ཁག་ཅིག་ཐོག་མར་མཉམ་ཞུགས་བྱས་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
