ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་བོད་ནང་ད་ལྟའི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་གསུངས།

བོད་ཀྱི་ཆབ་སྲིད་བཙོན་ཟུར་མི་སྣ་ཁག་ཅིག་གིས་བོད་ནང་དུ་ད་ལྟ་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་བརྗོད་བྱུང་།

ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༢༥ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཞིག་འཚོགས་པ་དང་འབྲེལ། ལོ་མང་རིང་རྒྱ་ནག་གཞུང་གི་བཙན་འོག་ཏུ་སྡོད་དགོས་བྱུང་པའི་བོད་མི་ཆབ་སྲིད་བཙོན་ཟུར་ཁག་ཅིག་གིས། རྒྱ་ནག་གཞུང་གི་བཙན་འོག་ཏུ་བོད་ནང་གི་ད་ལྟའི་གནས་སྟངས་ནི་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་ཐུགས་འཚབ་ཡོད་པ་འགྲེལ་བརྗོད་གནང་གི་འདུག

དེ་ཡང་གྲྭ་བཞི་བཙོན་ཁང་དུ་ལོ་ ༦ རིང་བཙོན་འཇུག་བྱས་པ་འཇིགས་མེད་རྒྱལ་པོ་ལགས་ཀྱིས། ད་ལྟའི་ཆར་བོད་ནང་དེ་སྔ་དང་མི་འདྲ་བར་བོད་ཀྱི་སྐད་དང་རིག་གཞུང་གི་གནས་སྟངས་ཉག་ཕྲ་ཞིང་། སྔ་མོ་དང་མི་འདྲ་བར་བཙོན་ཁང་ནང་དུའང་མི་རེ་ཁེར་རྐྱང་དུ་བཙོན་འཇུག་བྱས་པ་སོགས་གནས་སྟངས་ཛ་དྲག་ཅན་དུ་གྱུར་ཡོད་ཅེས་གསུངས་ཀྱི་འདུག་ལ། གྲྭ་བཞི་བཙོན་ཁང་དུ་ལོ་བཞི་དང་ཟླ་བ་དྲུག་རིང་བཙོན་འཇུག་གི་ཉེས་ཆད་མྱོང་དགོས་བྱུང་པའི་མིག་དམར་ཚེ་རིང་ལགས་ཀྱིས། ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཤེས་རྟོགས་ཐུབ་ཆེད་འདི་ནས་འབྲེལ་བ་མཐུད་དཀའ་ཡང་། འབད་བརྩོན་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། གནས་སྟངས་ཧ་ཅང་ཐབས་སྐྱོ་པོར་གྱུར་ཡོད་པས། བཙན་བྱོལ་བོད་མི་རྣམས་ཀྱིས་རྡོག་རྩ་ཆིག་སྒྲིལ་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུ་དགོས་གལ་ཆེ་བ་འདུག་ཅེས་གསུངས་བྱུང་།

ཡང་དེ་སྔ་གྲྭ་བཞི་བཙོན་ཁང་དུ་ལོ་བཞི་བཞུགས་དགོས་བྱུང་པའི་དགའ་ལྡན་ཚེ་རིང་ལགས་ཀྱིས། ད་ལྟའི་ཆར་བོད་ནང་གི་གནས་སྟངས་ནི་དེ་སྔ་ལོ་བཅུ་ཕྲག་གཉིས་གསུམ་གྱི་གོང་དང་བསྡུར་ན་ཧ་ཅང་གིས་སྡུག་ཏུ་ཕྱིན་ཡོད་པ་དེ་ཡང་། བོད་ཀྱི་སྐད་ཡིག་དང་། ཁོར་ཡུག་གི་གནས་སྟངས། དེ་བཞིན་གཞིས་བྱེས་གཉིས་ཀྱི་དབར་འབྲེལ་གཏུག་ཐུབ་རྒྱུ་ཧ་ཅང་དཀའ་བར་གྱུར་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་ལ། དེ་སྔ་བོད་ནང་ལོ་གཉིས་ལྷག་ཙམ་རིང་རྒྱ་ནག་གཞུང་གི་བཙོན་ཁང་འདྲ་མིན་ནང་བཙོན་འཇུག་བྱས་པའི་ལྷ་མོ་ཚེ་རིང་ལགས་ཀྱིས། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་དྲྭ་ཐོག་ནས་ལྟ་སྲུང་དམ་དྲག་བྱས་ཏེ་འགྲོ་འདུག་སྤྱོད་གསུམ་ལ་སྟངས་འཛིན་བྱེད་ཅིང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་དབར་འབྲེལ་ལམ་མེད་པ་བཟོ་ཐབས་བྱེད་པ་སོགས་བོད་ནང་གི་གནས་སྟངས་ནི་ཚིག་གཅིག་གཉིས་ནང་ཞུ་མི་ཐུབ་པར་ཛ་དྲག་ཏུ་གྱུར་ཡོད་ཅེས་གསུངས་བྱུང་།

.
བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྐབས། བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་བཀའ་དྲིན་རྗེས་དྲན་གྱི་ཆེ་བསྟོད་ཞུས་པའི་མཛད་སྒོ་ཞིག་འཚོགས་པ། ༢༠༢༦།༢།༢༥ (RFA Tibetan)

ཕྱི་ཚེས་ ༢༥ ཉིན་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས། དགའ་ལྡན་ཕོ་བྲང་གི་སྐུ་འཁོར་ལྷན་རྒྱས། དེ་བཞིན་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་བཅས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་ཡོད་པ་དང་། བཀའ་དྲིན་རྗེས་དྲན་གྱི་མཛད་སྒོའི་ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། བཙན་བྱོལ་ནང་འབྱོར་བའི་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རང་རང་གི་ཉམས་མྱོང་ལ་གཞིགས་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་དང་དཀའ་ཚེགས་གང་ཡིན་ལ་གདོང་ལེན་གནང་རྒྱུའི་ཐད་རམ་འདེགས་གནང་དགོས་གལ་ཆེ་བ་གསུངས་སོང་ལ། ལྷག་པར་བོད་ཀྱི་སྐད་ཡིག་དང་རིག་གཞུང་བཅས་པ་མི་ཉམས་རྒྱུན་འཛིན་ཐད་ནུས་པ་མཉམ་སྤུངས་བྱ་དགོས་པ་གསུངས་སོང་། དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་མུ་མཐུད་བོད་ནང་གི་བོད་མི་ཚོའི་ཆེད་རང་རང་གི་གནས་ཡུལ་ཁག་ཏུ་ཕྱག་ལས་གནང་དགོས་པའི་འབོད་སྐུལ་གནང་སོང་།

..
བཀྲིན་རྗེས་དྲན་གྱི་ཆེ་བསྟོད་ཞུ་སྐབས། རྒྱལ་ཁབ་ཁག་ ༡༥ ནས་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས་མི་གྲངས་ ༣༠༠ ཙམ་འདུ་འཛོམས་བྱུང་པ། ༢༠༢༦།༢།༢༥ (RFA Tibetan)

ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༢༣ ནས་ཚེས་ ༢༥ བར་རྒྱལ་ཁབ་ཁག་ ༡༥ ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས་མི་གྲངས་ ༣༠༠ ལྷག་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ཞུས་ཏེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། ཡང་༧གོང་ས་མཆོག་གིས་དབུ་བཞུགས་ཐོག་བོད་མི་ཆབ་སྲིད་བཙོན་པ་འདས་གསོན་ཡོངས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་འཚོགས་གནང་པ། དེ་བཞིན་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་མཛད་སྒོ་བཅས་རིམ་བཞིན་འཚོགས་ཡོད་ལ་། ཕྱི་ཚེས་ ༢༦ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་སྩོལ་གནང་གི་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།