“ཆུ་རཊ་འཛུཊ་སྐྲུན་ཆེན་པོ་དེས་བོད་དང་གཤམ་འོག་གི་རྒྱལ་ཁབ་ལ་དོ་ཕོག་ཐེབས་ཉེན་ཡོད།"

“བོད་ཉག་ཆུ་རྫོང་ཁོངས་སུ་ཆུ་རཊ་འཛུཊ་སྐྲུན་གྱི་ལས་གཞི་ཆེན་པོ་དེས་བོད་དང་གཤམ་འོག་གི་རྒྱལ་ཁབ་ལ་དོ་ཕོག་ཐེབས་ཉེན་ཡོད།”

བོད་ཉག་ཆུ་རྫོང་ཁོངས་སུ་ཆུ་རཊ་འཛུཊ་སྐྲུན་གྱི་ལས་གཞི་ཆེན་པོ་དེས་བོད་དང་གཤམ་འོག་གི་རྒྱལ་ཁབ་ལ་དོ་ཕོག་ཐེབས་ཉེན་ཡོད་པ་གསུངས་སོང་།

རྒྱ་ནག་གཞུང་གིས་དབྱེས་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཉག་ཆུ་རྫོང་ཁོངས་སུ་ཉག་ཆུ་དང་འབྲི་ཆུའི་འབྲེལ་མཚམས་སུ་ཆུ་གློག་གསོག་འཇོག་གི་ས་ཚིགས་སམ་ལས་གྲྭ་ཆེ་ཤོས་ཤིག་འཛུགས་སྐྲུན་བྱས་ཟིན་ཡོད་པའི་གནས་ཚུལ་ཐོན་པ་ལྟར། རྒྱ་ནག་གིས་བོད་ཀྱི་ཆུ་རྒྱུན་ཁག་ཏུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་བསྟུད་མར་སྤེལ་བཞིན་པའི་འཛུགས་སྐྲུན་དེ་དག་གིས་བོད་ཙམ་མ་ཟད་གཤམ་འོག་གི་ཁོར་ཡུག་བདེ་འཇགས་ལའང་དོ་ཕོག་ཐེབས་ངེས་ཡིན་པའི་སྐོར་གནད་དོན་དབྱེ་ཞིབ་པ་རྣམས་ཀྱིས་གསལ་སྟོན་གནང་གི་འདུག

“ཆུ་རཊ་འཛུཊ་སྐྲུན་ཆེན་པོ་དེས་བོད་དང་གཤམ་འོག་གི་རྒྱལ་ཁབ་ལ་དོ་ཕོག་ཐེབས་ཉེན་ཡོད།" བོད་ཉག་ཆུ་རྫོང་ཁོངས་སུ་ཆུ་རཊ་འཛུཊ་སྐྲུན་གྱི་ལས་གཞི་ཆེན་པོ་དེས་བོད་དང་གཤམ་འོག་གི་རྒྱལ་ཁབ་ལ་དོ་ཕོག་ཐེབས་ཉེན་ཡོད་པ་གསུངས་སོང་།

གནད་དོན་དེ་དང་འབྲེལ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་དང་ཧི་མ་ལ་ཡ་ཉམས་ཞིབ་ལྟེ་གནས་ཁང་ (Centre for Himalayan Asia Studies and Engagement) གི་འགན་འཛིན་ཝི་ཇེ་ཀྲན་ཏི་ (Vijay Kranti) ལགས་ཀྱིས། རྒྱ་ནག་གིས་ཆུ་རགས་འཛུགས་སྐྲུན་གྱི་ལས་གཞི་དེ་དག་ཁོར་ཡུག་ལ་གནོད་འཚེ་མེད་པ་བརྗོད་ཀྱི་ཡོད་ཀྱང་། བོད་ཀྱི་ཆུ་བོ་ཁག་ཏུ་ཆུ་རགས་མང་པོ་གསར་རྒྱག་བྱས་པ་དེས། ཆུ་རྒྱུན་དེ་དག་དུས་རབས་མང་པོའི་རིང་རང་དབང་ལྡན་པའི་ངང་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་རྒྱུག་བཞིན་པ་དེར་ཚོད་འཛིན་དང་འགོག་རྐྱེན་བཟོ་བཞིན་ཡོད་པ་དང་། ཆུ་རགས་འཛུགས་སྐྲུན་མང་པོ་བྱས་པ་དེས་བོད་ནང་གི་སྐྱེ་ཁམས་ཁོར་ཡུག་ལའང་གནོད་འཚེ་གཏོང་གི་ཡོད་པས། རྒྱལ་ཁབ་གཞན་ཁག་གིས་མཉམ་རུབ་ཐོག་རྒྱ་ནག་གཞུང་ལ་ངོ་རྒོལ་མ་བྱས་ཚེ་ཕྱིས་སུ་གྱོང་གུན་ཆེན་པོ་ཕོག་རྒྱུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་དང་ཁོར་ཡུག་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། ས་ཡོམ་གྱི་ཉེན་ཁ་ཆེ་བའི་བོད་ཀྱི་ས་ཐོག་ཏུ་ཆུ་རགས་འཛུགས་སྐྲུན་མང་པོ་བྱས་པ་དེས་མ་འོངས་ས་ཡོམ་གྱི་གོད་ཆག་མང་དུ་འགྲོ་སྲིད་པའི་རྐྱེན་ཞིག་ཆགས་ཀྱི་ཡོད་པ་དང་། ཆུ་རགས་དེ་དག་གིས་གཤམ་འོག་གི་རྒྱལ་ཁབ་ཁག་ལ་སྐབས་རེ་ཆུ་དཀོན་དུ་འགྲོ་བ་དང་སྐབས་རེ་ཆུ་ལོག་གི་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཡང་ཁོར་ཡུག་སྲུང་སྐྱོབ་པ་དང་ཨཡེ་ཀིཡམ་ཡུན་གནས་འཚོ་ཐབས་ཀྱི་སྤྱི་ཚོགས་ (Aikyam Community for Sustainable Living) ཀྱི་འགན་འཛིན་སན་དྷིབ་ ཨ་ནི་རུ་དྷན་ (Sandeep Anirudhan) ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་ཆུ་རགས་ཆེ་ཁག་འཛུགས་སྐྲུན་བྱས་པ་དེས། རྒྱུག་ཆུ་གོང་འོག་གཉིས་ཀར་ཤུགས་རྐྱེན་ཐེབས་ཏེ་ཁོར་ཡུག་དང་མིའི་རིགས་ཀྱི་སྤྱི་ཚོགས་གཉིས་ཀར་དཀའ་ངལ་འཕྲད་ཉེན་ཆེ་ཞིང་། བོད་མཐོ་སྒང་ནི་ཨེ་ཤེ་ཡའི་གཙང་པོ་ཆེན་པོ་མང་པོའི་འབྱུང་ཁུངས་ཡིན་པས། ཁུལ་དེར་ཆུ་མཛོད་ཆེན་པོ་འཛུགས་སྐྲུན་བྱས་པ་དེས་ཁོར་ཡུག་གི་སེམས་འཚབ་བྱེད་གཞིར་གྱུར་བ་ཙམ་མ་ཟད། འབབ་རྒྱུད་རྒྱལ་ཁབ་ཁག་གི་ས་ཁམས་ཆབ་སྲིད་ལའང་འགྱུར་བ་ཆེན་པོ་ཐེབས་པའི་ཉེན་ཁ་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཉག་ཆུ་རྫོང་ཁོངས་ཆུ་རགས་འཛུགས་སྐྲུན། ༢༠༡༧།༥།༢༨
ཉག་ཆུ་རྫོང་ཁོངས་སུ་ཆུ་རཊ་འཛུཊ་སྐྲུན། ཉག་ཆུ་རྫོང་ཁོངས་སུ་ཆུ་རགས་འཛུགས་སྐྲུན། ༢༠༡༧།༥།༢༨ (JOHANNES EISELE/AFP)

བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་ཀྱང་བོད་ནང་ཆུ་མཛོད་ཀྱི་ལས་གཞི་བསྟུད་མར་སྤེལ་བཞིན་པ་དེས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་པའི་གནས་སྟངས་འགྲེལ་བརྗོད་དང་སྦྲགས། ཉེ་ལམ་ཁོང་ཐེའི་ལེནཌི་ནང་རྫ་ཆུ་དང་འབྲེལ་བའི་ཞིབ་འཇུག་ཆེད་དུ་སྐྱོད་སྐབས་ཁོར་ཡུག་སྲུང་སྐྱོབ་པ་མང་པོ་ཞིག་གིས་བོད་ཀྱི་རྫ་ཆུའི་ཐོག་རྒྱ་ནག་གཞུང་གིས་ཆུ་རགས་རྒྱབ་པའི་རྐྱེན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཉ་པ་དང་ཞིང་པ་རྣམས་ཀྱི་འཚོ་བར་ཉིན་རེ་བཞིན་དོ་ཕོག་དང་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པའི་གནས་སྟངས་རྒྱུས་ལོན་བྱུང་སྐོར་འགྲེལ་བརྗོད་གནང་གི་འདུག

གནས་ཚུལ་ཐོན་ཁག་ལ་གཞིགས་ན། མཐོ་ཚད་མི་ཊར་ ༢༩༥ ཅན་གྱི་ཆུ་གློག་གསོག་འཇོག་གི་ས་ཚིགས་སམ་ལས་གྲྭ་དེ་བཞིན་ད་ཆ་རྒྱ་ནག་གི་ཆུ་གློག་ལས་གྲྭ་མཐོ་ཤོས་དེ་ཆགས་ཀྱི་འདུག་པ་དང་། དེའི་གློག་འདོན་ཤུགས་ཚད་མེ་གྷ་ཝཊ་ (MW) ༣༠༠ ཡིན་པ་དང་། ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་བཞིན་ཕྱི་ལོ་ ༢༠༡༤ ལོར་འགོ་འཛུགས་ཀྱིས། འཛུགས་སྐྲུན་བྱེད་སྐབས་ས་གནས་མི་མང་ ༤༩༠༠ ལྷག་བཙན་ཐབས་ཀྱིས་གནས་སྤོ་བྱེད་བཅུག་པ་དང་། འཛུགས་སྐྲུན་ཆེད་འགྲོ་གྲོན་ཁྱོན་རྒྱ་སྒོར་དུང་ཕྱུར་ ༦༦།༥ ཙམ་སོང་ཡོད་པ་བརྗོད་ཀྱི་འདུག

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།