བོད་མདོ་སྨད་མཚོ་ལྷོ་འབའ་རྫོང་གི་ནང་དུ་ཆགས་པའི་གཙང་དགོན་པའི་དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས་ཟླ་བ་དྲུག་ཙམ་རིང་རྒྱ་ནག་གཞུང་གིས་བཀག་ཉར་འདྲི་རྩད་བྱས་རྗེས། གློད་བཀྲོལ་བཏང་ཡོད་ན་ཡང་མིག་གཉིས་ཀ་སྐྱོ་པོ་ཆགས་པ་དང་པུས་མོ་ན་བ་སོགས་ལུས་པོའི་འཕྲོད་བསྟེན་གྱི་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་རང་གི་བདེ་འཇཊ་ཆེད་མིང་འབོད་གནང་འདོད་མེད་པའི་བོད་མི་ཁག་ཅིག་གིས་གནས་ཚུལ་ངོ་སྤྲོད་གནང་ཡོད་ཅིང་། བོད་ནང་དུ་འབྲེལ་བ་ཡོད་པའི་བཙན་བྱོལ་ནང་གི་བོད་མི་ཁག་ཅིག་གིས་རྒྱ་ནག་གཞུང་གིས་ལྟ་སྲུང་ནན་པོ་བྱེད་བཞིན་པའི་རྐྱེན་གྱིས། མཛེས་དགའ་རྒྱ་མཚོ་ལགས་འཛིན་བཟུང་དོ་དམ་བྱས་པ་དང་བཀག་བསྐྱིལ་བྱས་པའི་གནས་ཚུལ་དེ་ད་བར་ཕྱིར་བསྒྲགས་མ་ཐུབ་པར་ལུས་པ་ཞིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
མཛེས་དགའ་རྒྱ་མཚོ་ལགས་ནི། རང་ལོ་ ༤༨ ཡིན་ཞིང་། བོད་རྨ་ལྷོ་སོག་རྫོང་ནས་རེད། ཁོང་ཕྱི་ལོ་ ༢༠༢༥ ཟླ་ ༧ ནང་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཟི་ལིང་གྲོང་ཁྱེར་ནས་འཛིན་བཟུང་བྱས་ཏེ། ཟླ་བ་དྲུག་ཙམ་རིང་བཀག་ཉར་འདྲི་རྩད་བྱས་པའི་རྗེས་ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢ ཉིན་གློད་བཀྲོལ་བཏང་ཡོད་འདུག
རྒྱ་ནག་གཞུང་གིས་འཛིན་བཟུང་དོ་དམ་བྱས་པའི་བོད་མི་མང་པོ་ཞིག་གློད་བཀྲོལ་བཏང་བའི་རྗེས་སུ་དབང་པོ་སྐྱོན་ཅན་དུ་གྱུར་ཏེ་ཚེ་རིང་པོ་འཚོ་མ་ཐུབ་པ་དང་། འཛིན་བཟུང་དོ་དམ་དང་བཙོན་ཁང་དུ་བཅུག་རིང་ནད་གཅོང་བཟོས་པའི་བྱ་ཐབས་འདི་དེ་སྔ་ནས་ཡོད་པའི་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་དབྱེ་ཞིབ་གནང་མཁན་གྱི་ཉམས་ཞིབ་པ་ཁག་ཅིག་གིས་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས། རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ནང་བརྟན་ལྷིང་མེད་པ་བཟོ་མཁན་ནི་བོད་ཀྱི་ངོ་བོ་སྲུང་སྐྱོབ་གནང་མཁན་གྱི་གྲྭ་བཙུན་རྣམས་ཡིན་སྐོར་བརྗོད་དེ། འཛིན་བཟུང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་མང་ཤོས་དེ་བོད་ནང་གི་གྲྭ་བཙུན་རྣམས་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་ལ། བོད་མི་མང་པོ་ཞིག་ལ་ནག་ཉེས་ར་སྤྲོད་ཁ་གསལ་མེད་པར་འཛིན་བཟུང་བཙོན་འཇུག་དང་། བཙོན་འཇུག་གི་དུས་ཡུན་རིང་བོད་མི་དེ་དག་ལ་སྨན་ཁབ་བརྒྱབ་པ་སོགས་བྱས་རྐྱེན། ཕྱི་ནས་རྨ་ཁ་མཐོང་རྒྱུ་མེད་ནའང་ལུས་པོའི་ནང་དུ་ན་ཚ་ཚབས་ཆེ་བཟོས་པ་སོགས། བཙོན་པ་རྣམས་གློད་བཀྲོལ་བཏང་ཡང་དབང་པོར་སྐྱོན་བཏང་ནས་ཚེ་རིང་པོ་གནས་མི་ཐུབ་པ་དང་། ནུས་མེད་གཅོང་རོ་བཟོ་རྒྱུའི་སྲིད་བྱུས་དེ་སྔ་ནས་ལག་བསྟར་བྱེད་ཀྱི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས། ཐེངས་འདིར་དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས་ཟླ་བ་དྲུག་གི་རྗེས་སུ་གློད་བཀྲོལ་བཏང་ཡོད་ནའང་འཕྲོད་བསྟེན་གྱི་ཐོག་ནས་དཀའ་ངལ་འཕྲད་བཞིན་ཡོད་པ་ནི། རྒྱ་ནག་གཞུང་གི་དོ་དམ་འོག་ཏུ་འདྲི་རྩད་བཀག་ཉར་བྱེད་སྐབས་ཚ་འདྲི་ནན་པོ་བྱས་པ་དང་། ཉེས་རྡུང་བཏང་པའི་རྐྱེན་གྱིས་མནར་གཅོད་མང་དག་ཅིག་ཕོག་སྟེ་གློད་བཀྲོལ་ཐོབ་པའི་རྗེས་སུ་ཡིན་ཡང་ལུས་པོར་དཀའ་ངལ་འཕྲད་བཞིན་པ་དེ་ནི་རྒྱུན་ལྡན་འཆར་ཅན་གྱི་གནས་སྟངས་ཤིག་ཏུ་འགྱུར་གྱི་ཡོད་པར་འགྲེལ་བརྗོད་གནང་བྱུང་།
ཁོང་གིས་ད་དུང་གསུངས་པར། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་བཀུར་བྱེད་རྒྱུ་ལྟ་ཅི། རྒྱ་ནག་གཞུང་རང་ཉིད་ཀྱིས་གཏན་འབེབས་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་དང་ཆོས་དད་རང་མོས་སོགས་ཀྱི་ཁྲིམས་ཀྱི་འབྲུ་དོན་ཁག་ཚུལ་བཞིན་ལག་བསྟར་བྱེད་ཀྱི་མེད་ལ། བོད་མི་འཛིན་བཟུང་བཀག་ཉར་བྱས་པ་རྣམས་ཀྱི་གནས་སྟངས་ཇི་ཡིན་ཐད་རྒྱལ་སྤྱིའི་ནང་དུ་ཕྱི་གསལ་ནང་གསལ་དང་ཞིབ་ཕྲ་གསལ་བཤད་བྱེད་རྒྱུ་ཕར་ཞོག བཙོན་པ་དང་དོ་དམ་བཀག་བསྐྱིལ་བྱེད་པ་རྣམས་འཛིན་བཟུང་བྱས་པའི་རྒྱུ་མཚན་དང་། ད་ཆ་གང་དུ་ཡོད་མེད། སྐབས་བབ་ཀྱི་གནས་སྟངས་གང་འདྲ་ཡིན་མིན་གྱི་གནས་ཚུལ་རྣམས་རང་གི་འབྲེལ་ཡོད་ནང་མི་ཚོར་ཡང་གསལ་བཤད་བྱེད་ཀྱི་མེད་པ་དང་། གལ་ཏེ་གནས་ཚུལ་ཤེས་རྟོགས་བྱུང་པ་ཡིན་ཡང་འདིའི་སྐོར་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་སྤྲོད་བྱེད་མི་ཆོག་པའི་དམ་དྲག་བྱས་པ། གལ་ཏེ་གནས་ཚུལ་ཕྱི་གྱར་བྱུང་ཚེ། འབྲེལ་ཡོད་ཚོར་ཉེས་པ་ཕོག་པ་སོགས་ཀྱི་དཀའ་ངལ་རིམ་པར་འཕྲད་ཀྱི་ཡོད་པ་བརྗོད་བྱུང་ལ། རྒྱ་ནག་གཞུང་གིས་རྒྱ་ནག་རང་ཉིད་ཀྱི་ཁྲིམས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་མཐུན་པའི་སྒོ་ནས་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁེ་དབང་དེ་དག་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་གནང་གི་འདུག
ཡང་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཉམས་ཞིབ་པ་བསྟན་འཛིན་ཀུན་མཁྱེན་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མི་འཛིན་བཟུང་བཙོན་འཇུག་གིས་མནར་གཅོད་བཏང་པར་བརྟེན་ནས་བོད་མི་དེ་དག་གི་འཕྲོད་བསྟེན་ལ་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་པ་དེ་རིགས་ནི། རྒྱ་ནག་གཞུང་གིས་བཙོན་པར་མནར་གཅོད་གཏོང་རྒྱུ་མིན་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཁག་ལ་ངོས་ལེན་གྱིས་ས་རྟགས་བཀོད་པའི་ནང་དོན་དང་འགལ་ཡོད་ཅིང་། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཙོན་པ་སུ་ཞིག་བཙོན་འཇུག་དང་བཀག་བསྐྱིལ་བྱས་ཚེ། ཟླ་བ་གཉིས་དང་གསུམ་གྱི་ནང་ཚུན་འབྲེལ་ཡོད་ནང་མིར་འཛིན་བཟུང་བཙོན་འཇུག་དང་དོ་དམ་བྱས་པའི་རྒྱུ་མཚན་དང་ད་ལྟའི་གནས་སྟངས་བཅས་པ་གསལ་བཤད་བྱེད་དགོས་ཀྱི་ཡོད་ཀྱང་། ད་བར་བཙོན་འཇུག་དང་བཀག་ཉར་བྱས་པའི་བོད་མི་བརྒྱ་ཆ་དགུ་བཅུ་ཙམ་ཞིག་བཙོན་འཇུག་བྱེད་པའི་རྒྱུ་མཚན་སོགས་གང་ཡང་གསལ་བཤད་བྱེད་ཀྱི་མེད་པ་དེས། བཙོན་པ་ཙམ་མ་ཟད་འབྲེལ་ཡོད་ནང་མི་རྣམས་ཀྱི་ལུས་སེམས་གཉིས་ལ་དཀའ་ངལ་འཕྲད་གཞིར་གྱུར་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཕྱི་ལོ་ ༢༠༠༨ ལོར་དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས་ཀྱི་བུ་སྤུན་མཚོ་སྔོན་འབའ་རྫོང་གཙང་དགོན་པའི་དགེ་འདུན་པ་མཁས་གྲུབ་རྒྱ་མཚོ་ལགས་འཛིན་བཟུང་བྱས་པ་ནས་བཟུང་། མཛེས་དགའ་རྒྱ་མཚོ་ལགས་གཙོ་བོར་གྱུར་བའི་གཉེན་ཉེ་དང་འབྲེལ་ཡོད་མང་པོ་ཞིག་ལ་རྒྱ་གཞུང་གིས་ཕྱི་ཕྱོགས་སུ་འབྲེལ་ལམ་ཡོད་སྐོར་བརྗོད་ནས་ལྟ་རྟོག་དང་དོགས་ཟོན་བྱ་ཡུལ་ཁོངས་སུ་བཅུག་སྟེ། འདྲི་རྩད་དང་ཉེན་བརྡ་གཏོང་བ། དུས་ཚོད་ངེས་མེད་ལ་ཉེན་རྟོག་ཁང་དུ་འབོད་སྒུག་བྱས་ཏེ་སུན་གཙེར་ཐེངས་མང་པོ་བཟོས་ཡོད་འདུག

བོད་རྨ་ལྷོ་སོག་རྫོང་ནས་ཡིན་པའི་དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས་ནི། ད་ལྟ་དགུང་ལོ་ ༤༨ ཡིན་ཞིང་། ཕ་བསོད་དབང་དང་མ་བཀྲ་ཤིས་གཉིས་ལ་བུ་གསུམ་དང་བུ་མོ་གསུམ་བཅས་ཁྱོན་བུ་སྤུན་དྲུག་ཡོད་པའི་ཁོངས་ནས་རྒན་ཤོས་དེ་ཡིན་འདུག་ལ། ཁོང་ཕྱི་ལོ་ ༢༠༠༢ ལོར་རྒྱ་གར་དུ་ཡོང་སྟེ་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་དུ་ལོ་གཅིག་ཙམ་རིང་སློབ་གཉེར་གནང་སྟེ། ཕྱི་ལོ་ ༢༠༠༣ ལོར་ཕ་ཡུལ་དུ་ལོག་ནས་རྭ་རྒྱ་ཤེས་རིག་ནོར་གླིང་དུ་སློབ་སྦྱོང་གནང་མྱོང་འདུག་ལ། སྔ་ལོ་འཛིན་བཟུང་བཙན་ཁྲིད་མ་བྱས་གོང་། གཙང་དགོན་པའི་སློབ་གྲྭ་ལྔ་རིག་ལེགས་བཤད་གླིང་གི་བོད་ཡིག་དགེ་རྒན་གནང་ཡོད་འདུག
ཁ་སྣོན་གསར་འགོད། བཀྲ་དབང་།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
