ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་གཅིག་རྗེས་རྒྱ་གཞུང་གིས་ཞིང་བྲན་ལ་བཅིངས་འགྲོལ་བཏང་པའི་ཉིན་མོ་སྲུང་བརྩི་ཞུ་དོན་ཅི་ཡིན་ནམ།
གལ་ཏེ་རྒྱ་ནག་གཞུང་གིས་འབོད་པའི་བོད་ཀྱི་ཡར་ལངས་ཞིང་བྲན་ཟེར་བར་ཕྱི་ལོ་ ༡༩༥༩ ལོར་མཐར་ཕྱིན་པའི་བཅིངས་འགྲོལ་ཟེར་བ་བཏང་ཟིན་ཡོད་ན། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་ཀྱི་ནང་རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འདི་ཐོན་དགོས་དོན་གང་ཡིན་ནམ། ཡང་ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གཞུང་གིས་གློ་བུར་དུ་ལོ་ལྟར་ཟླ་ ༣ ཚེས་ ༢༨ ཉིན་མོ་འདི་ཞིང་བྲན་ལ་བཅིངས་འགྲོལ་བཏང་བའི་ཉིན་མོ་ཟེར་གཏན་འབེབས་བྱས་དོན་གང་ཡིན་ནམ།
སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཀྱིས། རྒྱ་ནག་གཞུང་གི་སྲིད་བྱུས་འདི་འདྲ་ལག་བསྟར་བྱས་ཏེ་བོད་མི་རིགས་ལ་མ་འོངས་མདུན་ལམ་མེད་པ་དང་། བོད་མི་རིགས་འཆི་གསོན་གྱི་ཛ་དྲག་གནས་སྟངས་ཤིག་ཆགས་འདུག་ཅེས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་བཟུང་སྟེ་བོད་ས་ཡོངས་ལ་ཞི་རྒོལ་ཆེན་པོ་འདི་བྱུང་བ་རེད་ཅེས་ངོ་སྤྲོད་གནང་བྱུང་།
ཡང་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་ཁང་གི་བོད་རིགས་འབྲེལ་མཐུད་པ་དང་། བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་དྲུང་ཟུར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་པ་དེར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཡོད། གང་ཡིན་ཞེ་ན། ཞིང་བྲན་ལ་བཅིངས་འགྲོལ་བཏང་ཡོད་རུང་ངོ་རྒོལ་བྱེད་ཀྱི་ཡོད་པས། དེར་ངེས་པར་དུ་དུས་ཆེན་ཞིག་བཟོ་དགོས་པར་ངོས་འཛིན་བྱས་ཏེ་དུས་ཆེན་འདི་བཟོས་པ་ཞིག་རེད་ཅེས་གསུངས་བྱུང་།
བཙན་བྱོལ་ནང་ལོ་ལྟར་ཟླ་བ་གསུམ་པའི་ནང་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་བྱེད་བཞིན་ཡོད་པས། རྒྱ་ནག་གཞུང་གིས་ཡར་ལངས་ཞིང་བྲན་ཟེར་བའི་ཐ་སྙད་འདི་བེད་སྤྱོད་བཏང་སྟེ། དམར་ཤོག་གཞུང་འདི་བོད་ལ་བཅིངས་འགྲོལ་ཟེར་བ་བཏང་མཁན་ཞིག་གི་རྣམ་པ་བཟོས་པ་དང་དུས་མཚུངས། བོད་མིས་ངོ་རྒོལ་བྱས་པ་འདིར་འགྲེལ་བརྗོད་གསར་པ་བྱས་ནས་བཀའ་དྲིན་ལ་བསམ་ཤེས་མེད་པ་དང་། ཡང་ན་ཕྱི་ཕྱོགས་ཀྱིས་ངན་ཇུས་གཤམ་པ་ཟེར་འགྲེལ་བརྗོད་བྱེད་ཀྱི་ཡོད་ལ། བོད་ནང་གི་བོད་མི་ཚོར་ངེས་པར་དུ་དམར་ཤོག་ཚོགས་པའི་རྗེས་སུ་འབྲང་དགོས་པ་དང་། དམར་ཤོག་ཚོགས་པའི་བཀའ་ལ་ཉན་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་འདུག
ཀུན་དགའ་བཀྲ་ཤིས་ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པ་བོད་ནང་མ་སླེབས་གོང་ཁོང་ཚོ་ནི་བྲན་གཡོག་དང་མངའ་བདག་ཆེན་པོ་གསུམ་གྱི་གཡོག་པོ་ཡིན་པས་བཅིངས་འགྲོལ་བཏང་ཚུལ་དང་། དེ་རིགས་ཀྱི་མི་ཁྲི་བརྒྱ་ཡོད་པ་དེར་དམར་ཤོག་ཚོགས་པ་སླེབས་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པ་བཟོས་ཡོད་ཟེར་བའི་དམིགས་ཡུལ་འདི་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་བྱུང་།
ཡང་ད་ཆ་བོད་ནང་མཚོན་ན། ཕྱི་ལོ་ ༢༠༠༩ ནས་བཟུང་ཡར་ལངས་ཞིང་བྲན་ཁྲི་མཚོ་བརྒྱ་ལ་བཅིངས་འགྲོལ་བཏང་བའི་ཉིན་མོ་ཟེར་ལོ་ལྟར་རྟེན་འབྲེལ་གྱི་བྱེད་སྒོ་ལ་འཇུག་བཞིན་ཡོད་པའི་ཁོངས་སུ་གཞས་སྣ་འཁྲབ་སྟོན་དང་། ཚོགས་འདུ་སྐོང་ཚོགས། ཐ་ན་བོད་ཕྲུག་ཆུང་ཆུང་ཚོར་དེ་སྔའི་བོད་ཀྱི་སྤྱི་ཚོགས་འདི་སྡུག་རྩུབ་ཅན་དང་མུན་ནག་ཅིག་ཡིན་པའི་སློབ་གསོ་སྤྲོད་པ་སོགས་བྱེད་སྒོ་འདྲ་མིན་སྤེལ་བཞིན་ཡོད་འདུག
སངས་རྒྱས་སྐྱབས་ལགས་ཀྱིས་མུ་མཐུད་གསུངས་པར། རྒྱ་ཆེའི་བོད་མི་རིགས་ཀྱི་སེམས་ལ་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་པ་དང་། རྒྱ་ཆེའི་མི་དམངས་གིས་རྒྱ་ནག་གཞུང་ལ་མི་དགའ་བ་འདི་ཤུགས་ཆེ་རུ་འགྲོ་རྒྱུ་མ་གཏོགས་རྒྱ་ནག་གཞུང་གིས་འདི་འདྲའི་དུས་དྲན་ལ་སྲུང་བརྩི་བྱས་པ་འདིས་རྒྱ་ནག་གཞུང་ལ་དགའ་པོ་དང་རྒྱ་ནག་གཞུང་དང་བོད་ཀྱི་འབྲེལ་བ་འདི་ཉེ་རུ་འགྲོ་རྒྱུ་རྩ་བ་ནས་ཡོང་གི་མ་རེད་ཅེས་གསུངས་བྱུང་།
རྒྱ་ནག་གཞུང་རང་ཉིད་ཀྱི་དབང་བསྒྱུར་འོག་ཡོད་པའི་བོད་ཀྱི་ས་ཁུལ་ཡོངས་རྫོགས་ནང་རྣམ་པ་འདྲ་མིན་གྱི་ཐོག་ནས་བཙན་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། བཅིངས་འགྲོལ་ཟེར་བའི་ཐ་སྙད་འདི་ཕྱོགས་གཅིག་རང་གི་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ནས་བཏགས་པ་ཞིག་ཆགས་ཡོད་པར་ངོས་འཛིན་གནང་གི་འདུག
ཀུན་དགའ་བཀྲ་ཤིས་ལགས་ཀྱིས། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་འདི་ཁྲིམས་མཐུན་རེད་ཟེར་བའི་ལོ་རྒྱུས་རྫུན་མ་འདི་མི་རབས་གསར་པའི་བསམ་བློར་བཅུག་པ་དང་། ལྷག་པར་དུ་ཕྱི་རྒྱལ་གྱི་བསམ་བློའི་ནང་བཅུག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་རུང་། ལོ་རྒྱུས་ཞིབ་འཇུག་གནང་མཁན་གྱི་ཕྱོགས་བསྡོམས་བརྒྱབ་པར་བལྟས་ན། འདིས་ནུས་པ་ཐོན་གྱི་མེད་ཅེས་མུ་མཐུད་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་ཡུལ་འདི་ནི་དཔལ་ཡོན་དར་སྔ་ཤོས་ཀྱི་ཡུལ་གྲུ་ཞིག་དང་། བོད་པ་རང་གི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་གྲུབ་ཆ། སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་འདི་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་སུ་ཁྱབ་ནས་བྱམས་སྙིང་རྗེ་ལྡན་པའི་སྤྱི་ཚོགས་ཤིག་བྱུང་ཡོད། འོན་ཀྱང་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པའི་རྗེས་སུ་གནས་སྟངས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད།
སངས་རྒྱས་སྐྱབས་ལགས་ཀྱིས་བོད་མི་རིགས་ཀྱི་ཁྱད་ཆོས་དང་བོད་མི་རིགས་ཀྱི་ངོ་བོ། བོད་མི་རིགས་ཟེར་བ་འདི་མེད་པ་བཟོས་ནས་རྒྱ་མི་རིགས་ལ་བསྒྱུར་རྒྱུ་འདི་ཁོང་ཚོའི་དམིགས་ཡུལ་གཙོ་བོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཕྱི་ལོ་ ༢༠༠༩ ནས་བཟུང་ལོ་ལྟར་ཟླ་ ༣ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་ཡར་ལངས་ཞིང་བྲན་ལ་བཅིངས་འགྲོལ་བཏང་བའི་ཉིན་མོ་ཟེར་ཕྱི་ནང་གང་སར་དྲིལ་བསྒྲགས་རྒྱ་ཆེ་བྱེད་བཞིན་ཡོད་པ་དང་། དམིགས་བསལ་ལོ་རབས་ལྔ་བཅུའི་གོང་གི་གནས་ཚུལ་ད་ལྟའི་མི་རབས་གསར་པར་སློབ་གསོ་རྒྱབ་པ་དེར་ནུས་པ་ཐོན་རྒྱུ་མིན་པར་ངོས་འཛིན་གནང་མཁན་འདུག་ལ། ལོ་རྒྱུས་ནི་སུའི་སྐད་སྒྲ་ཆེ་བ་ཡོད་པ་དེར་བདེན་པ་ཡོད་པ་ཞིག་མ་ཡིན་པར། བོད་ཀྱི་ལོ་རྒྱུས་བོད་མི་རང་ཉིད་ཀྱིས་རང་དབང་ལྡན་པའི་ངང་འགྲེལ་བརྗོད་བྱས་པ་འདི་བདེན་པའི་དཔང་པོ་ཞིག་ཆགས་ཀྱི་ཡོད་པར་ངོས་འཛིན་གནང་མཁན་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
