བོད་ཀྱི་འཕན་པོ་ནས་ཡིན་པའི་སྲིད་དོན་བཙོན་ཟུར་བཙུན་མ་བསྟན་འཛིན་སྒྲོལ་མ་ལགས་དགུང་གྲངས་ ༥༤ ཐོག་སྐུ་གཤེགས་པའི་གནས་ཚུལ་ཐོན་འདུག
གནས་ཚུལ་ཁ་སྣོན་བྱས་ཡོད།
དེ་ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་འབྲེལ་ཡོད་ཁག་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་དོན་བཙོན་ཟུར་བཙུན་མ་བསྟན་འཛིན་སྒྲོལ་མ་ལགས་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༤ ཉིན་དགུང་གྲངས་ ༥༤ ཐོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་འདུག
བཙུན་མ་བསྟན་འཛིན་སྒྲོལ་མ་ལགས་ནི་ཕྱི་ལོ་ ༡༩༧༡ ལོར་འཕན་པོར་འཁྲུངས་པ་དང་། འཕན་པོའི་ཤར་དགོན་པར་རབ་ཏུ་བྱུང་ཞིང་། ཕྱི་ལོ་ ༡༩༩༥ ཟླ་ ༢ ཚེས་ ༢༥ ཉིན་ཕྱག་རོགས་བཙུན་མ་བརྒྱད་དང་མཉམ་དུ་རྒྱལ་ས་ལྷ་སར་བོད་རང་བཙན་གྱི་ཞི་བའི་སྐད་འབོད་གནང་བར་བརྟེན་རྒྱ་ནག་གཞུང་གིས་འཛིན་བཟུང་འོག་ཚུད་པ་དང་། བཙོན་ཁང་ནང་མནར་གཅོད་ཚད་མེད་ཕོག་པའི་ཐོག་ལོ་བཞིའི་ཁྲིམས་བཅད་བཏང་ནས་གྲ་བཞི་བཙོན་ཁང་དུ་བཙོན་བཅུག་བྱས་ཡོད་འདུག
འོན་ཀྱང་མནར་གཅོད་དྲག་པོ་བཏང་ཡོད་པའི་དབང་གིས་ལུས་པོར་ནད་ཚབས་ཆེན་ཕོག་ཡོད་པར་བརྟེན་གྲ་བཞི་བཙོན་ཁང་ནས་རྩིས་མ་ལེན་པར་ཁོང་གི་རོགས་པ་གཞན་རྣམས་གྲ་བཞི་བཙོན་ཁང་ལ་བཅུག་པ་དང་བཙུན་མ་བསྟན་འཛིན་སྒྲོལ་མ་ལགས་དགུ་ཚ་བཀག་ཉར་ཁང་དུ་ྲརྩིས་སྤྲད་དེ་ལོ་གཉིས་རིང་དགུ་ཚ་བཙོན་ཁང་དུ་བཅུག་སྟེ་དེར་མནར་གཅོད་དྲག་པོ་ཕོག་པ་དང་རྗེས་སུ་གློད་གྲོལ་བཏང་ཡོད་རུང་། ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཙང་སྐྱོ་པོ་དང་ནད་ཀྱི་མནར་ཏེ་གཞན་གྱིས་ལྟ་སྐྱོང་འོག་ལུས་ནས་ཡུན་རིང་ཕྱིན་ཡོད་འདུག ཕྱི་ལོ་ ༢༠༢༥་ཟླ་ ༡ ཚེས་ ༡༤ ཉིན་དགུང་ལོ་༥༤ལ་ཕེབས་སྐབས་མི་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་འཛིན་སྒྲོལ་མ་ལགས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་ཡོད་པ་དང་། ཁོ་མོའི་ཆབ་སྲིད་བཙོན་རོགས་མཚན་བརྗོད་འདོད་མེད་མཁན་ཞིག་ནས། ཆབ་སྲིད་བཙོན་ཟུར་བསྟན་འཛིན་སྒྲོལ་མ་ལགས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་གོ་ཐོས་ལས། འདས་གྲོངས་སུ་ཕྱིན་པའི་རྒྱུ་རྐྱེན་དང་ས་གནས་གང་དུ་འདས་གྲོངས་ཕྱིན་ཡོད་སོགས་ཞིབ་ཕྲའི་གནས་ཚུལ། རྒྱ་ནག་གཞུང་གིས་དམ་དྲག་རྐྱེན་གྱིས་ཤེས་རྟོགས་མི་ཐུབ་སྐོར་འདི་ག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བཙུན་པ་བསྟན་འཛིན་སྒྲོལ་མ་ལགས་མནར་གཅོད་དྲག་པོ་བཏང་རྗེས་ཀློད་གྲོལ་བཏང་ཡོད་ན་ཡང་། ཁོ་མོས་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་དང་ནད་སྐྱོན་ཅན་དུ་བཏང་བས་ཡུན་རིང་མནར་ཡོད་པ། ཆབ་སྲིད་བཙོན་ཟུར་ངག་དབང་གསང་སྒྲོལ་ལགས་ནས། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བསྟན་འཛིན་སྒྲོལ་མ་ལགས་བཙོན་གྲོལ་རྗེས་མནར་གཅོད་རྐྱེན་གྱིས། གཟུགས་གཞི་བདེ་ཐང་མེད་པ་དང་ནད་མནར་ཅན་དུ་བཏང་བས། དུས་ཡུན་རིང་བོར་གཞན་གྱི་ལྟ་སྐྱོང་འོག་ཡུན་རིང་ལུས་ཡོད་འདུག་ལ། ཡང་ཆབ་སྲིད་བཙོན་ཟུར་ངག་དབང་གསང་སྒྲོལ་ལགས་ནས། ཆབ་སྲིད་བཙོན་པ་རྣམས་བཙོན་ཁང་ནས་ཀློད་གྲོལ་རྗེས་གྲྭ་བཙུན་ཡིན་ན་དགོན་པའི་ནང་ཕྱིར་ལོག་མི་ཆོག་པ་མ་ཟད། ཆབ་སྲིད་བཙོན་ཟུར་གྲྭ་བཙུན་སོགས་ཡིན་ན་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པའི་དུས་ཡུན་འཚང་བའི་རྗེས་སུ་སྐྱ་སར་བབ་ན་མུ་མཐུད་དཀའ་ངལ་འཕྲད་པ་དང་། གནས་ཚུལ་ཅུང་ཙམ་འཕྲད་པ་ནས་ལམ་སེང་འཛིན་བཟུང་བཙན་ཁྲིད་བྱེད་པ་སོགས་དཀའ་ངལ་ཤུགས་ཆེར་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག
བསྟན་འཛིན་སྒྲོལ་མ་ལགས་ནི་ཕྱི་ལོ་ ༡༩༧༡ ལོར་འཕན་པོར་འཁྲུངས་པ་དང་། འཕན་པོའི་ཤར་དགོན་པར་རབ་ཏུ་བྱུང་ཞིང་། བོད་རང་བཙན་གྱི་ཞི་བའི་སྐད་འབོད་རྗེས་བཙོན་ཁང་ནང་མནར་གཅོད་ཚད་མེད་ཕོག་པའི་ཐོག་ལོ་བཞིར་བཙོན་འཇུག་ཁྲིམས་ཆད་བཅད་པས། ཐེངས་འདིར་ཁོང་མོ་སྐུ་གྲོངས་དུས་དགུང་གྲངས་ ༥༤ ཡིན་འདུག

གསར་འགོད་པ། དབྱངས་སྒྲོན། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།