༢༠༢༤ ལོར་བོད་ནང་གི་གནས་ཚུལ་ཆེ་ཁག་ལ་བསྐྱར་ལྟ།
༡) ཆུ་རགས་དང་འཛུགས་སྐྲུན་ལས་གཞི།
ཕྱི་ལོ་ ༢༠༢༤ ནང་རྒྱ་ནག་གཞུང་གིས་བོད་ནང་དུ་ཆུ་རགས་ལས་གཞི་ཁག་འདྲ་མིན་ ༡༩༣ འཛུགས་སྐྲུན་གྱི་འཆར་འགོད་ཟིན་པའམ་བྱེད་བཞིན་པ་སོགས་ལས་དོན་སྤེལ་བཞིན་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོའི་གྲུབ་དོན་ནང་གསལ་འདུག་ཅིང་། འཛུགས་སྐྲུན་བྱས་དང་བྱེད་འཆར་ཡོད་པ་དེས། བོད་ཀྱི་ཁོར་ཡུག་དང་རིག་གཞུང་། སྤྱི་ཚོགས་ལ་གནོད་སྐྱོན་བཟོ་བཞིན་ཡོད་པའི་སྙན་ཐོའི་ནང་གསལ་སྟོན་གྱིས་དམིགས་བཀར་དྲ་ལམ་གྱི་ས་ཁྲ་ཞིག་འདོན་སྤེལ་བྱས་འདུག

ཀ་) སྡེ་དགེར་ཞུ་འབོད་ཀྱི་ལས་འགུལ།
བོད་ནང་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད་པའི་བོད་པའི་དགོན་གྲོང་མང་དག་ཅིག་གནས་སྤོ་དང་། ཆུ་རགས་རྐྱེན་གྱིས་ཆུས་འོག་བསྣུབས་པ་སོགས་ཛ་དྲག་གི་གནས་ཚུལ་དུ་མ་བྱུང་ཡོད་པ་རེད། དཔེ་ན་སྡེ་དགེ་རྫོང་གི་འབྲི་ཆུའི་བཞུར་རྒྱུན་དུ་ཆུ་མཛོད་གསར་རྒྱག་གི་ལས་འཆར་སྤེལ་བའི་སྐབས། ས་གནས་བོད་མི་མང་པོས་རྫོང་གི་སྲིད་གཞུང་གི་སྒོ་འགྲམ་དུ་འཛོམས་ཏེ་ལས་འཆར་དེ་མཚམས་འཇོག་དགོས་པ་དང་། མི་མང་གནས་སྤོ་བྱེད་མི་དགོས་པའི་ཞུ་འབོད་བྱས་པར། ༢༠༢༤ ཕྱི་ཟླ་ ༢ ནས་བཟུང་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གི་སྒོ་འགྲམ་དུ་མི་མང་མང་པོ་སོང་ནས་དབོན་པོ་སྟོད་ཕྱོགས་སུ་ཤང་ཁག་གཉིས་དང་དགོན་ཁག་དྲུག་ཡོད་པ་དེ་དག་ཚང་མ་ས་གནས་གཞན་ལ་གནས་སྤོ་མི་དགོས་པའི་ཞུ་སྐུལ་བྱས་ཡོད་པ་རེད།
ཡང་ཕྱི་ཟླ་ ༢ ཚེས་ ༢༠ ཉིན་རྒྱ་ནག་གཞུང་འབྲེལ་གྱི་ལས་བྱེད་དབོན་སྟོད་གྲོང་ཚོའི་ཡེ་ན་དགོན་དུ་འབྱོར་སྐབས་དགེ་འདུན་པ་དང་ས་གནས་མང་ཚོགས་ཀྱིས་ལས་གཞི་མཚམས་འཇོག་ཡོང་རྒྱུར་དགེ་འདུན་པ་ཞིག་གིས་ལག་གཉིས་ཀྱི་ཐེབ་མོ་བསྟན་པ་དང་པུས་མོ་ས་ལ་བཙུགས་ཏེ་ཞུ་འབོད་བྱས་པར་དགེ་འདུན་པ་དང་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་ཞུ་འབོད་བྱེད་ཡོད་པ་རེད།
༢༠༢༤ ཕྱི་ཟླ་ ༢ ཚེས་ ༢༢ ཉིན་སྡེ་དགེ་རྫོང་ཁོངས་སུ་ཡོད་པའི་དབོན་སྟོད་དགོན་དང་ཡེ་ན་དགོན་གྱི་དགེ་འདུན་པ་དང་དགོན་པའི་ཉེ་འཁོར་ལ་གནས་པའི་མང་ཚོགས་མང་ཆེ་བ་འཛིན་བཟུང་བྱས་འདུག་ཅིང་། མི་གྲངས་ ༡༠༠༠ ལྷག་བཀག་ཉར་བྱས་ཏེ་འདྲི་རྩད་བྱེད་སྐབས། ཁག་ཅིག་ལ་ཉེས་རྡུང་བཏང་སྟེ་སྨན་ཁང་ལ་བསྐྱལ་དགོས་འཁེལ་པ་ཡང་བྱུང་འདུག
དབོན་པོ་སྟོད་ཁུལ་གྱི་བོད་མི་ཆིག་སྟོང་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་པའི་ཁོངས་ནས་མི་མང་པོ་ཞིག་གློད་གྲོལ་བཏང་ཡོད་ཀྱང་། དབོན་སྟོད་དགོན་གྱི་ཕྱག་མཛོད་བགྲེས་པ་བསྟན་འཛིན་ལགས་དང་། གྲོང་ཚོའི་ལས་བྱེད་པ་རྟ་མགྲིན་ལགས་སོགས་ངོ་རྒོལ་ཞུ་འབོད་ཀྱི་སྣེ་ཁྲིད་པ་ཡིན་པར་དོགས་པ་བྱ་ཡུལ་གྱི་མི་སྣ་ཁག་ཅིག་དབོན་སྟོད་ཁུལ་གྱི་བཀག་ཉར་ཁང་དུ་བཀག་ཉར་གྱིས། ཁོང་གཉིས་ཀྱི་གྱོད་གཞི་གཞུང་ཕྱོགས་ཀྱི་གྱོད་དོན་ཞིབ་དཔྱོད་ཁང་ལ་རྩིས་སྤྲོད་བྱས་འདུག
ཁ་) མགོ་ལོག་ཁུལ་དུ་འཛུགས་སྐྲུན།

ག་)ཨ་ཚོགས་དགོན་པ་གཏོར་བཤིག་གིས་ཤུལ་མེད་བཟོས་པ།
མདོ་སྨད་ཀྱི་རྨ་ཆུའི་རྒྱུད་དུ་ཆགས་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དང་མང་རྫོང་གཉིས་ཀྱི་ས་མཚམས་སུ་འཁེལ་བའི་དཀར་མོ་གཡང་འཁྱིལ་ཟེར་བའི་རྨ་ཆུའི་འབབ་རྒྱུད་དུ་རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་འཛུགས་སྐྲུན་གྱི་ལས་གཞི་ཞིག་མགོ་བཙུགས་ཏེ། མི་ལོ་ ༡༣༥ ལྷག་གི་སྔོན་དུ་བཞེངས་པ་དགེ་འདུན་པ་ ༡༥༧ ཙམ་ཡོད་པའི་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་གཏོར་བཤིག་གིས་གནས་སྤོ་བྱས་བཅུག་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༡༥ ལོར་(Google Maxar) གྱིས་སྲུང་སྐར་ནས་བླངས་པའི་པར་དང་། ༢༠༢༤ ཟླ་ ༧ ཚེས་ ༢༡ ཉིན་ (Planet Labs) ཀྱིས་བླངས་པའི་པར་རིས་ནང་ཨ་ཚོཊ་དགོན་པ་འདི་བཞིན་རྨ་ཆུའི་སྟེང་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ཆེད་རྗེས་ཤུལ་མེད་པར་གཏོར་བཤིག་བཏང་པའི་རྣམ་པ་གསལ་སྟོན་བྱུང་ཡོད་ཅིང་། ཨ་ཚོགས་དགོན་པ་དང་། མཆོད་རྟེན་སྡེ་བ་སོགས་ཆུའི་འོག་བསྣུབས་ཡོད་པ་པར་རིས་ཁག་ནས་གསལ་པོ་ཤེས་རྟོགས་བྱུང་ཡོད་པ་རེད།
བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་སྡུག་པོ་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ཐད་ལྟ་ཞིབ་བྱེད་མཁན་གྱི་ཚོགས་སྡེ་ཁག་དང་ཉམས་ཞིབ་སྡེ་ཁག་གིས་སྙན་ཐོ་བཏོན་པ་ཁག་ནང་གསལ་སྟོན་གནང་ཡོད་ཅིང་། བོད་མིའི་ཐོག་ལྟ་སྲུང་ནན་པོ་བྱས་ཏེ་བོད་མི་གང་བྱུང་འཛིན་བཟུང་བྱས་པ། རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱས་པའི་གནས་ཚུལ་བཅས་བྱུང་ཡོད། དཔེ་ན། ཕྱི་ལོ་ ༢༠༢༤ ཟླ་ ༩ ཟླ་འགོར་རྒྱ་ནག་གཞུང་གིས་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བསམ་གཏན་ལགས་དང་། བློ་བཟང་འཕྲིན་ལས་ལགས། ཁྱིམ་ཚང་གཅིག་གི་མིང་སྲིང་ཡིན་པ་ཚེ་རིང་བཀྲ་ཤིས་ལགས་དང་བན་སྐྱིད་ལགས་བཅས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་འཛུགས་བྱས་ཡོད་པ་རེད།ཕ་ཡུལ་རྔ་པ་རྨེའུ་རུ་མ་རུ་ཆེན་གསུམ་པ་ནས་ཡིན་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། ཕྱི་ལོ་ ༢༠༢༣ ཟླ་ ༦ པའི་ནང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་དང་བཙན་བྱོལ་ནང་གི་དཔེ་དེབ་བོད་ནང་དཔར་སྐྲུན་བྱས་སྐོར་གྱི་ཉེས་མིང་འོག་འཛིན་བཟུང་བྱས་འདུག
༣) ཆོས་དད་རང་དབང་། བོད་ཀྱི་ངོ་བོ་རྒྱ་བསྒྱུར་གྱི་སྲིད་བྱུས།
སྤྱིར་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་བཏང་པ་ནི་ལོ་འདིའི་ནང་གི་གནས་ཚུལ་གསར་པ་འདི་འདྲ་གང་ཡང་མིན་ནའང་། འདིར་ཐབས་བྱུས་འཛིན་སྟངས་ཆ་ནས། དགོན་པ་ཁག་ནང་ཆོས་ཞུགས་བྱེད་རྒྱུར་དམ་དྲག་དང་། རྔ་པ་ཀིརྟི་དགོན་པའི་སློབ་ལོ་མ་སོན་པའི་གྲྭ་ཆུང་ལོ་ན་ ༡༨ མན་གྱི་བོད་ཡིག་སློབ་ཁྲིད་བྱ་ཡུལ་གྱི་དགེ་འདུན་པ་ཚོ་དགོན་པ་ནས་ཕྱིར་འཐེན་བྱེད་བཅུག་སྟེ་རྒྱ་གཞུང་གིས་གཉེར་བའི་གཏན་འཇགས་སློབ་གྲྭར་བསྐྱོད་བཅུག་ཡོད་པ་རེད།
བོད་མི་ཚོས་རང་གིས་དད་གུས་ཞུ་ཡུལ་གྱི་རྩ་བའི་བླ་མ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཙམ་ཡང་དད་རྟེན་དུ་ཉར་མི་ཆོག་པའི་དམ་དྲག་བྱེད་ཀྱི་ཡོད་ཅིང་། ཕྱི་ལོ་ ༢༠༢༤ ཟླ་ ༨ ནང་རྒྱ་ནག་གཞུང་གིས་བོད་ནང་གི་རེབ་གོང་སྨད་ཀྱི་སྤེན་དཀར་ཐང་དགོན་པའི་དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ཀྱིས་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དང་བསྟུན། ཁོང་གིས་སྐད་འཕྲིན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཚན་པ་ཞིག་བརྒྱུད་འགོད་བྱས་པ་དེ་ཁྲིམས་འགལ་ཡིན་པར་སྙད་བཏགས་ནས་འཛིན་བཟུང་བྱས་ཏེ་ལོ་གཅིག་དང་ཟླ་དྲུག་གི་རིང་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༣ ཚེས་ ༢༦ ཉིན། རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་པདྨ་ལགས་ནས་ཀིརྟི་དགོན་པའི་འདབས་ཀྱི་དཔའ་བོའི་སྲང་ལམ་ཞེས་པའི་གཞུང་ལམ་སྟེང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ལག་ཏུ་བཟུང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པར་ཉེན་རྟོག་པས་ཁོང་དེ་འཕྲལ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད། རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣ་ཚོས་རྔ་པ་རྫོང་གི་ཡུལ་ཚོ་དང་གྲོང་སྡེ་ཁག་ཏུ་ཉུལ་ཞིབ་ཀྱིས། ཁྱིམ་ཚང་རེ་རེའི་ཁང་ཐོག་ཏུ་ཡོད་པའི་དར་ལྕོགས་དང་། བསང་ཁྲི་རིགས་བཙན་ཤེད་ཀྱིས་གཏོར་བཤིག་དང་ཁྱིམ་ཚང་རེ་ཟུང་གི་ཁྱིམ་དུ་གང་བྱུང་སྔོགས་བཤེར་བྱེད་པ་སོགས་བྱུང་ཡོད་ལ། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་བོད་པ་ཞིག་གིས་སོ་སོའི་ཁང་པ་གསར་པའི་སྟེང་། དགོང་མོ་ཁོང་གིས་བསང་བཏང་ནས་རྟེན་འབྲེལ་ཆེད་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པར་རྒྱ་ནག་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པ་རེད། ཡང་རྒྱ་ནག་གཞུང་གིས་པེ་ཅིན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་འདུན་པ་ཚོར་ཏཱ་ལའི་བླ་མ་དང་ཁ་བྲལ་བར་འབྲེལ་བ་གཏན་གཅོད་དགོས་པ་ཟེར་ཏེ་ཚོགས་འདུ་བསྐོངས་བྱས་ཡོད་འདུག་ལ། མཚོ་སྔོན་ཞིང་ཆེན་ནང་མཚོན་ན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་དང་ཁ་བྲལ་བར་ངན་འབྲེལ་གྱི་གནས་ཚུལ་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་རྒྱུ་ཡིན་ཟེར་གསལ་བསྒྲགས་བྱས་ཡོད་པ་རེད།
༤) ཆོས་དད་རང་དབང་གི་སྙན་ཐོ།
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ལ་ཞིབ་འཇུག་སྙན་ཐོ་འདོན་སྤེལ་གནང་པའི་ནང་རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུར་ཀིསུ་ཐན། ཧོང་ཀོང་སོགས་གཙོས་གྲངས་ཉུང་མི་རིགས་གཞན་དང་། (Falung Gong) ཕ་ལུང་གོང་རྩ་རླུང་སྒོམ་སྒྲུབ་པ་སོགས་ཀྱི་ཆོས་དད་རང་དབང་ཐོག་སྔར་ལྷག་བཀག་སྡོམ་དང་སྟངས་འཛིན་བྱེད་བཞིན་ཡོད་པའི་སྐོར་ཐེར་འདོན་བྱས་ཡོད་པ་རེད།
༥) དུས་ཆེན་ཁག་ཏུ་དམ་དྲག
བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་ལོ་གསར་སྐབས་དང་། དགའ་ལྡན་ལྔ་མཆོད། ལྷ་བབས་དུས་ཆེན། གསུམ་པའི་བཅུ་བཞི་སོགས་ལ་བོད་མི་ཚོ་མཆོད་མཇལ་དུ་བསྐྱོད་སྐབས། ལྟ་བཤེར་དང་ཐོ་འགོད་དམ་དྲག་བྱས་ཡོད་ཅིང་། རྒྱ་ནག་གཞུང་གི་ལས་བྱེད་དང་དེ་དག་གི་ནང་མི་ཚོ་ཆོས་མཇལ་ལ་བསྐྱོད་མི་བཅུག་པའི་དམ་དྲག་བྱས་འདུག
༦) རྒྱ་ནག་གཞུང་གི་ཤེས་ཡོན་སློབ་གསོ་དང་བོད་ཀྱི་སྐད་ཡིག་ལ་འགོག་གནོན།
འདས་ལོ་གཅིག་གི་གནས་ཚུལ་གལ་ཆེ་ཤོས་གཞན་གཅིག་ནི། བོད་ནང་རྒྱ་ནག་གཞུང་གིས་བཙན་དབང་འོག་བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭའི་ནང་གཏོང་བཅུག་པ་དེ་ཡིན་ཞིང་། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་མང་པོའི་ནང་སྒེར་གཉེར་སློབ་གྲྭ་མང་དག་ཅིག་རྒྱ་ནག་གཞུང་གི་ཤེས་ཡོན་སྲིད་བྱུས་འོག་ཏུ་འགྲོ་དགོས་པའི་བཀོད་ཁྱབ་ལ་སྙད་དེ་སྒོ་རྒྱག་བཅུག་པ་མ་ཟད། ལྷ་སར་ཡོད་པའི་ལྷ་ས་ལྷ་ཀླུ་སློབ་ཆུང་དང་། ལྷ་ས་སློབ་འབྲིང་སློབ་གྲྭ་སོགས་ཀྱི་ནང་། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སློབ་ཚན་དང་འཛིན་གྲྭ་མང་པོ་ཞིག་ཉུང་དུ་བཏང་ནས་རྒྱ་ཡིག་ཁོ་ན་སྦྱང་སའི་འཛིན་གྲྭ་མང་དུ་བཏང་ཡོད་པ་རེད།ཕྱི་ལོ་ ༢༠༢༤ ཟླ་ ༧ ནང་རྒྱ་ནག་གཞུང་གིས་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭའི་སློབ་མ་ཆིག་སྟོང་ལྷག་ཡོད་ཁོངས་ནས། ལོ་ན་ ༦ ནས་ ༡༤ བར་གྱི་སློབ་ཕྲུག་ ༣༠༠ ལྷག་བཙན་ཤེད་ཀྱིས་མཛོད་དགེ་རྫོང་གི་གཞུང་གཉེར་སློབ་གྲྭ་ཁག་ཏུ་བཏང་པ་དང་། ལྷག་འཕྲོས་སློབ་ཕྲུག་ཚོ་སོ་སོའི་ཁྱིམ་དུ་བཏང་ཡོད་ལ། དེ་རྗེས་ལོ་ན་ ༡༥ ནས་ ༡༨ བར་ཡིན་པའི་སློབ་ཕྲུག་ ༢༠༠ ཙམ་སློབ་གྲྭ་མུ་མཐུད་ཚོགས་ཡོད་ཀྱང་། ཕྱི་ཟླ་ ༡༠ ནང་སློབ་ཕྲུག་དེ་དག་བཙན་ཐབས་ཀྱིས་སློབ་ཕྲུག་ཡོངས་རྫོགས་གཞུང་གཉེར་སློབ་གྲྭ་ཁག་ཏུ་གཏོང་བཅུག་པ་མ་ཟད། དགོན་པའི་སློབ་གྲྭ་རྩ་བ་ནས་སྒོ་བརྒྱབ་སྟེ་དགེ་རྒན་དང་སློབ་ཕྲུག་གཅིག་ཀྱང་མེད་པ་བཟོས་ཡོད་པ་རེད།
ཡང་རྒྱ་ནག་གཞུང་གིས་གཞུང་འབྲེལ་གཏན་འབེབས་སློབ་ཁྲིད་ལས་བརྒལ་བའི་ཉེས་མིང་འོག་རྔ་པ་རྫོང་རྨེ་རུ་མ་ཡུལ་ཚོ་ལྟེ་བའི་སློབ་ཆུང་ནང་། བོད་སྐད་ཡིག་གི་དགེ་རྒན་ཀྱི་ཕྱག་ལས་གནང་བཞིན་པ་བོད་རིགས་དགེ་རྒན་དོན་ཡོད་ལགས་སློབ་གྲྭ་ནས་ཕྱིར་ཕུད་བཏང་སྟེ། དགེ་རྒན་གྱི་ལས་གནས་གཉེར་མི་ཆོག་པ་བཟོས་ཡོད་པ་རེད།
དེ་བཞིན་རྒྱ་ནག་གཞུང་གིས་བོད་མདོ་སྨད་མགོ་ལོག་རྭ་རྒྱའི་དགེ་འདུན་པ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བཙུགས་པའི་གངས་ལྗོངས་ཤེས་རིག་ནོར་གླིང་སློབ་གྲྭ་སྟེ། བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་སློབ་གཉེར་བྱེད་སའི་སྒེར་གཉེར་སློབ་གྲྭ་གྲགས་ཆེ་ཤོས་ཤིག་སྒོ་བརྒྱབ་བཅུག་ཡོད་པར་བོད་ཕྱི་ནང་གཉིས་ནས་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
ཕྱི་ཟླ་ ༦ ཟླ་མགོ་ནས་བཟུང་རྒྱ་ནག་རྒྱལ་ཡོངས་མཐོ་རིམ་སློབ་གྲྭ་ཁག་ཏུ་འཛུལ་ཞུགས་ཀྱི་ཆེད་རྔ་པ་ཁུལ་གྱི་བོད་རིགས་ས་ཁུལ་གྱི་སློབ་གྲྭ་ཁག་ཏུ་བོད་ཡིག་ཆེད་སྦྱོང་གི་སློབ་མ་ཚོས་ཕྱི་ལོ་ ༢༠༢༤ ནས་བོད་ཀྱི་སྐད་ཡིག་ཡིག་རྒྱུགས་གཅིག་པུ་ལས། གཞན་སློབ་ཚན་ཚང་མ་རྒྱ་ནག་རྒྱལ་ཡོངས་གཅིག་གྱུར་གི་ཡིག་རྒྱུགས་གཏོང་དགོས་པ་བཟོས་ཡོད་ལ། ལོ་མཇུག་ཏུ་མཐོ་རྒྱུགས་ཀྱི་འགྲན་ཞུགས་ནང་བོད་ཡིག་འདི་བདམས་ཁའི་ཁོངས་སུ་བཞག་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ལ། སློབ་ཕྲུག་དང་ཕ་མ་ཚོས་སེམས་ཚབ་ཆེན་པོ་བྱུང་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་ཡོད།
༧) རྒྱལ་ཚོགས་སུ་བོད་ནང་གི་གནད་དོན་གླེང་པ།
འདས་ལོ་གཅིག་ནང་གི་བོད་ནང་གི་གནས་ཚུལ་འགྲོ་རྒྱུག་དང་གཞི་རྩའི་རང་དབང་ལ་མཚོན་ན། རྒྱལ་ཚོགས་ཀྱིས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་ ༤ པ་ཚོགས་སྐབས་རྒྱལ་ཁབ་ཁག་ ༢༠ ལྷག་གིས་བོད་དོན་དང་འབྲེལ་བའི་དོན་ཚན་ ༢༥ རྒྱབ་གཉེར་གནང་ཡོད་ཅིང་། འདི་ནང་གཙོ་བོ་བོད་ནང་གཏན་འཇགས་སློབ་གྲྭ་ནང་བོད་ཕྲུག་ཚོ་རང་གི་འདོད་མོས་ཡོད་མིན་ལ་མ་ལྟོས་པར། བཙན་ཤེད་ཀྱིས་བཅུག་པ་འདི་གླེང་ཞིང་། ༢༠༢༤ ལོའི་དུས་བཀག་བསྐྱར་ཞིབ་སྐབས་སུ་གླེང་པའི་གནད་དོན་དང་རྒྱལ་ཁབ་ཀྱི་གྲངས་འབོར་བཅས་པ་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་དང་བསྡུར་ན་ལྡབ་གཅིག་ལྷག་གི་མང་བ་བྱུང་ཡོད་པ་རེད།
༢༠༢༤ ཟླ་ ༡༠ ཚེས་ ༢༢ ཉིན། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལྡན་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་བསྡུར་ཚོགས་འདུའི་སྟེང་། ཨའོསི་ཊརེ་ལི་ཡའི་བཅའ་སྡོད་སྐུ་ཚབ་ James Larsen ལགས་ཀྱིས། ཨ་རི་དང་ཨའོསི་ཊརེ་ལི་ཡ། ཁེ་ན་ཌ། ཉི་འོང་སོགས་རྒྱལ་ཁབ་ ༡༥ ཡི་སྐུ་ཚབ་གནང་སྟེ། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ནང་མི་སྣ་གང་བྱུང་འཛིན་བཟུང་བཀག་ཉར་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཛ་དྲག་གི་ངོ་བོར་གྱུར་ཡོད་པ་གསལ་སྟོན་གནང་ཡོད་པ་རེད།
༨) རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།
ཨ་རིའི་རང་དབང་ཁང་པའི་སྙན་ཐོའི་ནང་བོད་ནི་འཛམ་གླིང་ནང་རང་དབང་མེད་པའི་གནས་བབ་སྡུག་ཤོས་སུ་ཚུད་པ་མ་ཟད། རང་དབང་གི་གནས་བབ་འབྲེལ་བའི་ཨང་ཀི་ཀླད་ཀོར་ལ་མར་ཟགས་པ་གསལ་སྟོན་གནང་འདུག་ཅིང་། རྒྱ་ནག་གཞུང་གིས་འདས་པའི་ལོ་ ༦༥ རིང་བོད་ནང་གི་སྤྱི་ཡོངས་ཀྱི་རང་དབང་གི་གནས་སྟངས་ཚད་གཞི་འཇལ་བའི་འདས་པའི་ལོ་ ༨ ནང་བརྒྱ་ཆ་དམའ་ཤོས་དང་ཀླད་ཀོར་ལ་ཟགས་པ་ཐོག་མར་དེ་ཆགས་ཡོད་པ་རེད།།
གསར་འགོད་པ་དང་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
ཁ་སྣོན་གསར་འགོད་པ་དང་དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།