ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༧ ཉིན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མ་དང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཟུང་སྦྲེལ་གྱིས་གོ་སྒྲིག་འོག རྒྱལ་ཁབ་སུམ་ཅུ་ལྷག་གི་བོད་དོན་རྒྱབ་སྐྱོར་བ་བརྒྱ་སྐོར་ཞིག་མཉམ་ཞུགས་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་ཞིག་རྡ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་འཚོགས་སོང་བ་དང་། ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་མ་འོངས་པར་བོད་དོན་ཐོག་མུ་མཐུད་ལས་དོན་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་བྱུང་།
དེ་ཡང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་ཁིརེ་མེད་རིན་ཆེན་མཁའ་འགྲོ་ (Rinchen Khando Khrimey) ལགས་ཀྱིས། ད་ལྟ་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་དམག་འཁྲུག་གི་དོན་རྐྱེན་བྱུང་བཞིན་པའི་སྐབས་འདིར་རྒྱལ་ཁབ་ཁག་སུམ་ཅུ་སོ་གཉིས་ཀྱི་འཐུས་མི་རྣམས་ཚོགས་འདུ་འདིའི་ཐོག་ཆེད་ཕེབས་གནང་པ་འདིས། བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་པོ་མཚོན་གྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ལ། འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཀཡེ་མུ་ལར་ (Kai Muller) ལགས་ཀྱིས། བོད་དོན་ནི་འཛམ་གླིང་ཐོག་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་ཆེན་ཞིག་ཡིན་པས་བོད་ཀྱི་ཆེད་དུ་ལས་ཀ་བྱ་རྒྱུའི་འགན་འཁྲི་དེ་འཛམ་གླིང་ཡོངས་ལ་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡང་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་འཇེ་ནེཊི་རཡེསི་ (Janet Rice) ལགས་ཀྱིས། མི་ཚེ་གང་པོར་བོད་དོན་ཐོག་རྒྱབ་སྐྱོར་གྱི་ཕྱག་ལས་གནང་རྒྱུ་མཚམས་འཇོག་གནང་གི་མིན་ཞེས་དང་། རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་། བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་རང་དབང་འཐབ་རྩོད་བྱེད་བཞིན་པའི་སྙིང་སྟོབས་འདིར་ཡིད་རངས་དང་དགའ་མོས་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ལ། དེ་བཞིན་ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་ (National Endowment for Democracy) གི་འགན་འཛིན་གཞོན་པ་སྦྲཡེན་འཇོ་སེཧྥ་ (Brian Joseph) ལགས་ཀྱིས། ཁོང་གིས་འདས་པའི་ལོ་ངོ་སུམ་ཅུ་སོ་ལྔའི་ལས་ཡུན་རིང་བོད་དོན་དང་འབྲེལ་བ་ཆགས་ཡོད་པ་དང་། བོད་མིའི་ཐོབ་ཐང་འཐབ་རྩོད་ཐད་ལ་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་དང་བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག་གི་རང་དབང་བཅས་པ་གལ་ཆེར་རྩིས་ཏེ་ད་ལྟའི་ལས་འགན་འདིའི་ཐོག་ལས་དོན་གནང་རིང་མུ་མཐུད་བོད་དོན་ཐད་ཕྱག་ལས་གནང་རྒྱུ་ཡིན་པ་གསུངས་བྱུང་།

ཡང་ཚོགས་བཅར་བ་ (Amigos del Tibet) ཞེས་ཀོ་ལོམ་བྷི་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ མ་རི་ཡ་ ཀལོ་ཌི་ཡ་ བྷོ་ནི་ཊོ ཌེ་ པ་ལོ་ (Maria Claudia Bonitto de Palou) ལགས་ཀྱིས་ཁོང་གིས་འདས་པའི་ལོ་ངོ་ཉི་ཤུའི་རིང་བོད་དོན་ཆེད་རང་ནུས་གང་ཡོད་ཀྱི་ཕྱག་ལས་གནང་པ་དང་མུ་མཐུད་འབད་བརྩོན་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་བྱུང་།
ད་དུང་ཐེངས་འདིར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ཡོངས་ཁྱབ་བསྩལ་ཟིན་པ་བཞིན། ༧སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་དང་འབྲེལ་བའི་སྐུ་དབང་ཡོངས་སུ་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་བསྐྱར་ནན་གནང་པ་དང་། བོད་མིའི་སྒྲིག་འཛུགས་དེ་བཞིན་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་ཁྲིམས་མཐུན་གྱི་གཞུང་གཅིག་པུར་ངོས་འཛིན་གནང་པ། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་པ། དེ་བཞིན་བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་ཤུགས་ཆེ་རུ་གཏོང་ཐབས་གནང་རྒྱུ་དང་རྒྱལ་སྤྱིའི་སྟེང་བོད་ཀྱི་གནད་དོན་མུ་མཐུད་གསོན་པོར་གནས་ཐབས་ལ་འབད་པ་ཧུར་སྐྱེད་གནང་རྒྱུ་ཡིན་པ་སྤྱི་མོས་ཀྱི་བསྒྲགས་གཏམ་ཞིག་སྤེལ་སོང་།

ཐེངས་འདིའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུའི་ཐོག་རྒྱལ་ཁབ་སུམ་ཅུ་སོ་གཉིས་ནས་ཚོགས་བཅར་ཞུས་ཤིང་། ཕྱི་ཟླ་ ༣ ཚེས་ ༨ ཉིན་ཚོགས་བཅར་བ་རྣམས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་དང་། གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོར་མཉམ་ཞུགས་གནང་རྒྱུ། དེ་བཞིན་ཚེས་ ༡༡ ཉིན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་འཆར་ཡོད་པ་གསུངས་བྱུང་།

བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་འདིར་དམིགས་བསལ་ཚོགས་འདུ་ཞེས་འབོད་དགོས་དོན་ནི་འདི་ལོ་༧སྐུའི་གོ་སྟོན་འཁེལ་གྱི་ཡོད་པ་དང་སྟབས་བསྟུན་ནས། གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས། རྒྱ་ནག་གཞུང་གིས་བོད་དོན་ཐད་དྲིལ་བསྒྲགས་ལ་གདོང་ལེན་བྱེད་ཕྱོགས། རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་ལ་དོ་སྣང་མུ་མཐུད་སླེབས་ཐབས་ཐད་གྲོས་བསྡུར་གནང་གི་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་རིམ་པར་མཚོན་ན། ད་བར་ཐེངས་ ༩ ཚོགས་ཡོད་ཅིང་། ཚོགས་ཆེན་དང་པོ་དེ་ཕྱི་ལོ་ ༡༩༩༠ ལོར་བཞུགས་སྒར་རྡ་རམ་ས་ལར་ཚོགས་པ་དང་། ཐེངས་ ༩ པ་དེ་ཕྱི་ལོ་ ༢༠༢༤ ལོར་སྦེལ་ཇིཡམ་རྒྱལ་ས་སྦརཱ་སིལསི་ནང་ཚོགས་ཡོད་པ་རེད།།
པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
