ཡོ་རོབ་རྒྱལ་ཁབ་ཁག་ཅིག་གི་གྲོས་ཚོགས་འཐུས་མིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ནུས་པ་མཉམ་སྤུངས་དགོས་ཤིང་། བོད་མི་རྣམས་ཀྱིས་བོད་དོན་འཐབ་རྩོད་གནང་རྒྱུར་ཧུར་སྐྱེད་དང་སེམས་ཤུགས་དགོས་གལ་ཆེ་བ་གསུངས་པ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ (Czech Republic) ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་ (Jiri Oberfalzer) ལགས་ཀྱིས་རྒྱ་ནག་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་ཆ་རྐྱེན་འདོན་དགོས་ཞེས་གསུངས།

ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༩ ཉིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་མཇུག་སྡོམ་སྐབས་་ཕེབས་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་ (Jiri Oberfalzer) ལགས་ཀྱིས། ནུབ་ཕྱོགས་པ་ཚུད་པའི་རྒྱལ་ཁབ་གང་ཞིག་གིས། རྒྱ་ནག་གཞུང་དང་མཉམ་ཆབ་སྲིད་དང་དཔལ་འབྱོར་བཅས་ཀྱི་འབྲེལ་བ་འཇོག་འདོད་ཡོད་ན། ཐོག་མར་རྒྱ་ནག་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པ་དེ་ཆ་རྐྱེན་དུ་འཇོག་དགོས་པ་དང་། བོད་མི་རྣམས་ཀྱིས་བོད་དོན་འཐབ་རྩོད་ཀྱི་རེ་བ་མ་བརླག་པར་མུ་མཐུད་སེམས་ཤུགས་ཆེར་བསྐྱེད་གནང་དགོས་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་ཇི་རི་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐོག་མར་ཕྱི་ལོ་ ༡༩༩༠ ཟླ་ ༢ པའི་ནང་མཇལ་འཕྲད་ཞུས་ཡོད་པ་དང་། དེ་ནས་བཟུང་ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་ཞིག་མ་ཡིན་པར། འཛམ་གླིང་འདིའི་ཐོག་དཀའ་རྙོག་ཅི་འདྲ་ཞིག་ཡིན་རུང་། ཞི་བའི་ལམ་ནས་སེལ་ཐབས་གནང་མཁན་གྱི་སྐྱེས་བུ་ཞིག་ལ་ངོས་འཛིན་ཞུ་བཞིན་་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཡང་འཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མེ་ཁལ་བྷ་རན་ཌི་ (Michael Brand) ལགས་ཀྱིས་ཀྱང་། བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་རྩ་གཏོར་དུ་བཏང་པའི་གནད་དོན་དེ་བཞིན། རྒྱ་ནག་གཞུང་གིས་བོད་ཙམ་དུ་མ་ཡིན་པར་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་ཡོངས་ཀྱི་ཐོག་ལག་བསྟར་བྱེད་བཞིན་ཡོད་པས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་འཕྱར་གྲུ་མཉམ་འདེགས་དགོས་གལ་ཆེ་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བསྩལ་བ་བཞིན་ང་ཚོ་ཚང་མར་ཞི་བདེ་དང་ལྡན་པའི་གོ་ལ་ཞིག་བསྐྲུན་རྒྱུའི་ཐུན་མོང་གི་འགན་འཁྲི་ཡོད་པ་རེད། འདིར་བོད་དོན་རྒྱབ་སྐྱོར་བ་ཧ་ཅང་མང་པོ་ཡོད་པས། ང་ཚོར་ཆིག་སྒྲིལ་གྱི་ནུས་པ་ཤུགས་ཆེ་ཡོད་པ་དེ་བཞིན་མུ་མཐུད་རྒྱུན་གནས་ཐུབ་པ་དགོས་ལ། བོད་མི་རྣམས་ཀྱིས་བོད་དོན་འཐབ་རྩོད་ཆེད་སེམས་ཤུགས་ནམ་ཡང་ཆག་རྒྱུ་མེད་ཅེས་་གསུངས་སོང་ལ། ཡོ་རོབ་ཀྱི་ལཊ་ལྦི་ཡ་ (Latvia) གྲོས་ཚོགས་འཐུས་མི་ (Juris Vilums) ལགས་ཀྱིས། ངས་ལོ་ངོ་བཅོ་ལྔའི་རིང་བོད་དོན་འཐབ་རྩོད་ཆེད་རྒྱབ་སྐྱོར་ཞུས་ཡོད་ལ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གབ་ནས་མ་བསྡད་པར་དངོས་གསལ་དོད་པོའི་སྒོ་ནས་འཕྱར་གྲུ་མཉམ་འདེགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེ་ལ། གྲོས་ཆོད་སོགས་བཞག་པ་ཙམ་མིན་པར་དངོས་སུ་འབྲུ་དོན་ཁག་ལག་བསྟར་བྱ་རྒྱུར་དམིགས་དགོས་པ་གལ་ཆེན་པོ་རེད་ཅེས་་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམས་ཀྱིས་ཕྱི་ཟླ་ ༣ ཚེས་ ༩ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
