འཇར་མ་ཎིའི་གྲོང་ཁྱེར་དང་གྲོང་རྡལ་ ༤༠༠ ལྷག་གི་ནང་གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་གི་འདུག
ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༠ ཉིན་བོད་མི་གནས་ཡུལ་འཛམ་གླིང་ས་ཕྱོཊ་གང་སར་ཡོད་པའི་གྲོང་ཁྱེར་དང་གྲོང་རྡལ་ཁག་གི་ནང་དུ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་གདུང་སེམས་མཉམ་སྐྱེད་ཞུ་བའི་ལས་འགུལ་སྤེལ་གྱི་ཡོད་པའི་ཁྲོད། ཡོ་རོབ་ཀྱི་འཇར་མ་ཎི་རྒྱལ་ཡོངས་སུ་གསུམ་བཅུའི་དུས་དྲན་ཉིན་གྲོང་ཁྱེར་དང་གྲོང་རྡལ་ ༤༠༠ ལྷག་གི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་གི་འདུག འདི་ནི་ ༡༩༩༦ ལོར་འགོ་བཙུགས་ནས་ད་ལོ་ལོ་ངོ་སུམ་བཅུ་ཧྲིལ་པོ་འཁོར་ཡོད་པ་དང་། སྐབས་དེར་གྲོང་ཁྱེར་དང་གྲོང་རྡལ་ ༢༡ ནས་འགོ་བཙུགས་ཏེ་དེའི་ཁོངས་ནས་ཐོག་མར་འགོ་འཛུགས་བྱ་ཡུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཁག་ཅིག་གིས་ད་ལྟའང་རྒྱབ་སྐྱོར་གནང་གི་ཡོད་པའི་སྐོར་འཇར་མ་ཎི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཛོཆ་སྦོར་བསྟན་འཛིན་ལིན་ཌ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཁོང་གིས་ད་དུང་གསུངས་པར། བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་རྒྱལ་དར་སྒྲེང་འཛུགས་གནང་པ་འདི་འདྲ་ཉིན་གཅིག་བོད་ནང་དུའང་བྱུང་བའི་རེ་སྨོན་ཞུ་བཞིན་ཡོད་ཅེས་གསུངས་བྱུང་།

ཡོ་རོབ་ནང་དུ་མཚོན་ན། དབྱིན་ཡུལ་རྒྱལ་ས་ལོན་ཌོན་གྱི་ཉེ་ཁུལ་ཝུལ་ཝིཆ་ Woolwich གྲོང་སྡེ་ལས་ཁུངས་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་གི་ཡོད་ཅིང་། དེ་མཚུངས་ཀྱི་ཡོ་རོབ་ཡུལ་གྲུ་ཁག་དང་ཨ་རིའི་ཁེ་ལི་ཕོར་ནི་ཡ་སོགས་གྲོང་ཁྱེར་མང་པོའི་ནང་བོད་ཀྱི་རྒྱལ་དར་སྒྲེང་གི་ཡོད་ལ། བྱང་ཀེ་ལི་ཕོར་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དཀོན་མཆོག་བཀྲིས་ལགས་ཀྱིས། ད་རེས་ཁུལ་དེའི་གྲོང་ཁྱེར་ཁག་བཞིའི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་གི་ཡོད་ཅིང་། བོད་ཀྱི་ཉིན་མོར་ངོས་འཛིན་གྱི་བསྒྲགས་གཏམ་སོགས་ཀྱི་སྤེལ་ཡོད་པ་བརྗོད་བྱུང་། མ་ཟད་སྦརྐ་ལི་གྲོང་ཁྱེར་ནང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་པ་འདི་ནི་ ༢༠༢༦ ལོར་ལོ་ངོ་ ༣༠ ལྷག་སོང་ཡོད་པ་གསུངས་བྱུང་།


ལྷོ་ཁེ་ལི་ཕོར་ནི་ཡའི་སན་ཊ་སྦར་སྦ་ར་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ནས་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་འདི་བོད་ཀྱི་ཉིན་མོ་ཞེས་བསྒྲགས་གཏམ་སྤེལ་འདུག་ལ། ཨ་རིའི་མི་ནི་སོ་ཊའི་ཁུལ་དུ་ Bloomington སོགས་གྲོང་ཁྱེར་ཁག་ ༦ གིས་བོད་ཀྱི་ཉིན་མོ་དང་སྐུའི་གོ་སྟོན་ལ་དགའ་བསུ་ཞུ་རྒྱུའི་བསྒྲགས་གཏམ་སྤེལ་འདུག

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
