ཐེ་ཝན་དུ་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྤེལ་སར་དུ་རྫས་དབྱུགས་ནས་བར་ཆད་བཟོས་པ།

འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་དོན་རྐྱེན་འདི་ནི་བོད་དོན་ལས་འགུལ་ལ་དམིགས་པའི་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཟེར་བར་ངོས་འཛིན་བྱས་པ།

ཐེ་ཝན་ལ་གསུམ་བཅུའི་དུས་དྲན་གྱི་མར་མེའི་སྨོན་ལམ་གྱི་འདུ་འཛོམས་གནང་བའི་སྐབས་དེར་གློ་བུར་དུ་སྟོད་ཐུང་དམར་པོ་དང་ཁ་རས་གྱོན་པའི་མི་ཞིག་གིས་མི་ཚོགས་ཁྲོད་ལ་དུ་རྫས་དངོས་པོ་ཞིག་དབྱུགས་ཡོད་ཅིང་། སྐབས་དེར་ཉེན་རྟོག་པས་ལམ་སེང་དྭོགས་ཡོད་མི་སྣ་དེ་འཛིན་བཟུང་དོ་དམ་བྱས་ཡོད་འདུག

དེ་ཡང་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ཡི་རང་དབང་ཐང་ཆེན་དུ་ཡང་སྲིད་ངོས་འཛིན་གྱི་བདག་དབང་བརྟན་སྲུང་དང་རྒྱལ་མཚམས་བརྒལ་བའི་དྲག་གནོན་ལ་ངོ་རྒོལ་ཞེས་པའི་བརྗོད་གཞིའི་ཐོག་མི་གྲངས་ ༡༥༠ ཙམ་འདུ་འཛོམས་ཀྱིས་ ༡༩༥༩ ལོའི་བོད་མིའི་རང་དབང་སྒེར་ལངས་ལ་དྲན་གསོ་བྱེད་བཞིན་པའི་སྐབས་ལས་འགུལ་ལ་བར་ཆད་བཟོ་ཐབས་བྱེད་པའི་དོན་རྐྱེན་འདི་བྱུང་ཡོད་འདུག

བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བར། ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་གསུམ་གྱིས་རིམ་པར་གཏམ་བཤད་གནང་བཞིན་པའི་སྐབས་དེར་གློ་བུར་དུ་དུ་རྫས་སྤར་ནས་དྲི་མ་ངན་པ་དང་དུ་བ་མང་པོ་ཐོན་གྱི་འདུག ལོ་མང་པོའི་རིང་ཐེ་ཝན་ནང་ལས་འགུལ་སྤེལ་བའི་བརྒྱུད་རིམ་ནང་རྙས་སྐོ་མཁན་མང་པོ་ཞིག་བྱུང་ཡོད་པས། དམིགས་བསལ་གཞུང་འབྲེལ་མིན་པའི་ཚོགས་པའི་འགན་ཁུར་བར་ཉམས་མྱོང་ཡོད། དེར་བརྟེན་གསུམ་བཅུའི་དུས་དྲན་གྱི་གོམ་བགྲོད་སྐབས་དང་ཚེས་ ༡༠ ཡི་འདུ་འཛོམས་སྐབས་ལ་ཆེད་མངགས་ལྟ་མཁན་ལས་བྱེད་བཞག་ཡོད་ཅེས་གསུངས་བྱུང།

མར་མེའི་འདུ་འཛོམས་འདིའི་ནང་སྐབས་དེ་དུས་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣ། དེ་བཞིན་བོད་ཀྱི་བླ་སྤྲུལ་དགེ་འདུན་པ་དང་། ཐེ་ཝན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི། ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་བ་སོགས་ཡོད་འདུག་ལ། ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་བར་ཆད་བཟོ་མཁན་ལ་དོ་སྣང་དང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚོས་ཡིད་གཟབ་དགོས་པའི་དྲན་སྐུལ་ཡང་གནང་འདུག

བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་མུ་མཐུད་གསུངས་པར། དུ་རྫས་སྤར་བ་མཐོང་མ་ཐག་ལམ་སེང་ཉེན་རྟོག་པ་འབོད་དེ་བཀག་ཐུབ་པ་བྱུང་ཡོད་ཅིང་། ཉེན་རྟོག་པས་མི་དེ་འཛིན་བཟུང་དོ་དམ་བྱས་པའི་རྗེས་ང་ཚོའི་རྒྱུན་ལས་ཚོས་མི་དེར་ཁྲིམས་གཏུག་བྱ་རྒྱུ་དང་གློད་མི་ཆོག་པ་བརྗོད་ཡོད་ལ། ང་ཚོ་ཚོགས་པས་(བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་)ཁྲིམས་གཏུག་གི་འགན་ལེན་བྱ་རྒྱུ་བརྗོད་རྗེས་ཉེན་རྟོག་པས་མི་དེ་ཁྲིད་པའི་སྐབས་མི་གཞན་ཞིག་ཡོང་ནས་འདི་ངའི་སྤུན་ཆུང་བ་ཡིན་ཟེར་བརྗོད་སོང་ཞེས་ངོ་སྤྲོད་གནང་བྱུང་།

ཐེ་ཝན་དུ་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་ནང་མཉམ་ཞུགས་པ། ༢༠༢༦།༣།༡༠
ཐེ་ཝན་དུ་གསུམ་བཅུའི་དུས་དྲན་གྱི་མར་མེའི་འདུ་འཛོམས་སྐབས། ཐེ་ཝན་དུ་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་ནང་མཉམ་ཞུགས་པ། ༢༠༢༦།༣།༡༠ (HRNTT)

ཡང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་མཉམ་འབྲེལ་ཐོག་ཚེས་ ༡༣ ཉིན་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། བོད་མིའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་སྤེལ་ཏེ་ལོ་ངོ་ ༦༧ འཁོར་བའི་མར་མེའི་སྨོན་ལམ་གྱི་འདུ་འཛོམས་ལས་འགུལ་ཐོག་ཟིང་སློང་བའི་དོན་རྐྱེན་འདི་ནི་ཐེ་ཝན་ནང་གི་བོད་དོན་ལས་འགུལ་ལ་དམིགས་པའི་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཟེར་བའི་དཔེ་མཚོན་ཞིག་ཡིན་པར་ངོས་འཛིན་གནང་འདུག

ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་མི་སྣ་དང་ཉེན་རྟོག་པས་ལམ་སེང་དུ་རྫས་དབྱུགས་མཁན་མི་འདི་འཛིན་བཟུང་བྱས་པར་བརྟེན། མར་མེའི་སྨོན་ལམ་གྱི་འདུ་འཛོམས་ལས་འགུལ་དེ་མུ་མཐུད་སྤེལ་ཐུབ་ཡོད་འདུག་ལ། ཡང་ཚེས་ ༧ ཉིན་སྤེལ་བའི་གསུམ་བཅུའི་དུས་དྲན་གྱི་ཁྲོམ་སྐོར་ཆེན་མོའི་གོམ་བགྲོད་ལས་འགུལ་ཐོག་ལ་ཡང་ཟུར་ནས་བརྙན་པར་ལེན་པ་སོགས་ཀྱི་གནས་ཚུལ་ཡང་བྱུང་འདུག

དེ་ཡང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསུངས་པར། མི་དེའི་གཅེན་པོ་ཡིན་ཟེར་མཁན་འདི་ཡང་ཚེས་ ༧ ཉིན་གྱི་གོམ་བགྲོད་ལས་འགུལ་སྐབས་ལ་སླེབས་འདུག་ལ། པར་མང་པོ་བརྒྱབ་པ་ཞིག་མཐོང་བྱུང་། ཡང་ཚེས་ ༡༠ ཉིན་དུ་རྫས་སྤར་བའི་རྗེས་སུ་ཉེན་རྟོག་པ་དང་། དྭང་བླངས་པས་དེའི་དགོང་དྲོ་མི་ལྔ་དྲུག་ཙམ་ཡོད་པ་དོ་སྣང་བྱུང་འདུག འོན་ཀྱང་ང་ཚོའི་ལས་འགུལ་འདི་མུ་མཐུད་སྤེལ་ཐུབ་པ་བྱུང་སོང་ཞེས་འགྲེལ་བརྗོད་གནང་བྱུང།

གོང་ཞུས་ཀྱི་གསལ་བསྒྲགས་འདིའི་ནང་མུ་མཐུད་བཀོད་པར། གནད་དོན་འདི་དང་འབྲེལ་བའི་དོགས་གཞི་ཅན་གྱི་མི་སྣ་དེར་ཐེ་ཝན་གྱི་ཉེས་ཁྲིམས་དང་། འདུ་འཛོམས་དང་ཁྲོམ་སྐོར་ཁྲིམས་ཡིག དེ་བཞིན་སིམ་འཛུལ་འགོག་པའི་ཁྲིམས་ཡིག་བཅས་ཀྱི་ཐོག་ནས་ཁྲིམས་གཏུག་བྱེད་སྲིད་པ་བརྗོད་འདུག

དེ་མིན་ཡང་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་ལིན་ཤིན་ཡིང་ནས་གསུངས་པར། འབྲེལ་ཡོད་ཚན་པས་མུ་མཐུད་བརྟག་དཔྱད་བྱས་ཏེ་དངོས་ཡོད་གནས་ཚུལ་གང་ཡིན་པ་དང་ཁོང་ཚོས་ལས་ཀ་དེ་འདྲ་བྱེད་རྒྱུར་རྒྱབ་ནས་སུས་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་སོགས་ཁ་གསལ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང།

བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་ནས་དོན་རྐྱེན་འདི་ནི་སྤྱིར་བཏང་གི་སྤྱི་ཚོགས་བདེ་འཇགས་དཀྲོག་པ་ཙམ་དུ་བརྩི་མི་རུང་བར། ལས་འགུལ་བ་ཚོར་འཇིགས་སྐུལ་བྱེད་པའི་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཞིག་མཚོན་གྱི་ཡོད་པར་ངོས་འཛིན་གནང་གི་འདུག།

ཐེ་ཝན་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས། དེ་སྔོན་བོད་དོན་དང་ཧོང་ཀོང་ལ་རྒྱབ་སྐྱོར་བྱེད་པའི་ལས་འགུལ་ཁག་གི་ནང་དུའང་འདི་འདྲའི་སྡིགས་ར་སྐུལ་བའི་དོན་རྐྱེན་དང་། བར་ཆད་གཏོང་བ། ལྐོག་ཏུ་བརྙན་པར་བརྒྱབ་པ་སོགས་ཀྱི་གནས་ཚུལ་བྱུང་མྱོང་ཡོད་ཅིང་། དྲག་སྤྱོད་དང་འཇིགས་སྐུལ་གྱི་རིགས་གང་འདྲ་ཞིག་གིས་ཀྱང་བོད་ཀྱི་རིག་གཞུང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ཅེས་གསལ་བསྒྲགས་ནང་བཀོད་འདུག

ཟླ་ ༣ ཚེས་ ༡༠ ཉིན་འདི་ནི་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཐོན་པའི་བོད་མིའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་འདིའི་རྗེས་དྲན་གྱི་ཉིན་མོ་ཞིག་ཡིན་པ་དང་། དུས་དེ་ནས་བཟུང་བོད་ནང་གི་བོད་མིར་དྲག་གནོན་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་མང་པོ་ཞིག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་ཡོད་པས། ལོ་ལྟར་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྣམ་པ་འདྲ་མིན་ཐོག་ནས་དྲན་གསོའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།།

བརྙན་པར་དང་པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།