༧པཎ་ཆེན་རིན་པོ་ཆེ་གློད་དགོས་ཞེས་ཞིའི་ཕྱོཊ་སྐྱོད་གོང་ཨ་རིས་དགོས་འདུན་བཏོན་པ།

༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་དུ་གློད་བཀྲོལ་དགོས་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གསུངས་བྱུང་།

ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་སྲིད་འཛིན་ཌོ་ནལཌི་ཊམཔ་ལ་ཞི་ཅིན་ཕིང་དང་མཇལ་འཕྲད་མ་གནང་གོང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་བཅས་པ་གློད་བཀྲོལ་དགོས་པའི་ཐོག་ཞི་ཅིན་ཕིང་ལ་སྐུལ་མ་བྱེད་དགོས་པ་ལྷན་ཚོགས་ཀྱི་ཚོགས་གཙོ་ ཨ་སིཕ་མཧ་མུདྷ་ (Asif Mahmood) ལགས་ཀྱིས་དགོས་འདུན་བཏོན་གྱི་ཡོད་པ་གསུངས་ཤིང་། འདི་ལྟ་བུའི་ཐད་ཀར་གྲོས་མོལ་གནང་རྒྱུ་ནི་ད་ལྟའི་ཆར་ཁོང་གི་ངོ་ཚབ་ཐོག་ནས་ཨ་རིའི་གཞུང་གི་དོན་འབྲས་སྨིན་པའི་ལས་དོན་ཞིག་ཆགས་སྲིད་པ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཚེས་ ༡༧ ཉིན་ཡིག་ཐོག་ལན་འདེབས་གནང་པའི་ནང་གསུངས་བྱུང་ལ། འདིའི་ཐད་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་མགྲིན་ཚབ་པ་ཞིག་གིས་རྒྱ་ནག་གི་དཔོན་རིགས་ཚོས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་༧སྐུ་འཁོར་ནང་མི་ལྷན་རྒྱས་འཕྲལ་དུ་གློད་བཀྲོལ་ཐོངས་དགོས་པ་རེད་ཅེས་ཕྱི་ཟླ་ ༩ ཚེས་ ༡༧ ཉིན་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོཊ་ཀྱི་འབོད་སྐུལ་གནང་པའི་ཐད་ཡ་ལན་གྱི་ཚུལ་དུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསལ་བཤད་གནང་པའི་ནང་གསུངས་འདུག

ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་མཇལ་ཕྲད་སྐབས་ཀྱི་པར་ཚཊ། ༢༠༢༦།༠༥།༡༥
ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་པར། ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་མཇལ་ཕྲད་སྐབས་ཀྱི་པར་ཚཊ། ༢༠༢༦།༠༥།༡༥ (REUTERS)

ཨ་རིའི་གྲོས་ཚོཊ་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོཊ་ཀྱི་ཞུ་སྐུལ།

དེ་ཡང་རིང་མིན་ཕྱི་ཟླ་ ༩ ཚེས་ ༢༤ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་མཆོག་དང་མཇལ་འཕྲད་གནང་རྒྱུའི་ལས་རིམ་ཡོད་པ་ཤེས་རྟོགས་བྱུང་པ་ལྟར། རྒྱལ་སྤྱིའི་ཁྱོན་ནས་བོད་མི་ཐེ་བའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གི་སྲིད་འཛིན་དང་ཨ་རིའི་སྲིད་འཛིན་དབར་གྱི་མཇལ་མོལ་སྐབས། རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་གྲགས་ཅན་མང་དག་ཅིག་གློད་བཀྲོལ་དགོས་པ་དགོས་འདུན་བཏོན་བཞིན་ཡོད་པ་ལྟར། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གསར་འགོད་གསལ་བསྒྲགས་སྤེལ་ཏེ་སྲིད་འཛིན་ཊམཔ་ཀྱིས་ཞི་ཅིན་ཕིང་ལ་འགྲོ་བ་མིའི་ཐོབ་ཐང་ཐད་གླེང་སློང་དགོས་པའི་དགོས་འདུན་བཏོན་ཡོད་ཅིང་། ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་གྲགས་ཅན་ཁག་ཅིག་གི་མཚན་ཐོ་བཏོན་ཏེ་ཊམཔ་མཆོག་གིས་ཞི་དང་གྲོས་མོལ་སྐབས་དེ་དག་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་ཡོད་ལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཟླ་ ༩ ཚེས་ ༡༧ ཉིན་ཡིག་ཐོག་ནས་གསལ་བཤད་གནང་པའི་ནང་། ལྷན་ཚོགས་དེའི་ཚོགས་གཙོ་ཨ་སིཕ་མཧ་མུདྷ་ Asif Mahmood ལགས་ཀྱིས་ “རྒྱ་ནག་དཔོན་རིགས་ལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གློད་བཀྲོལ་ཆེད་ཞུ་སྐུལ་གནང་གི་ཡོད་ཅིང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་མེད་པར་བཙན་ཁྲིད་བྱས་པ་འདི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་ཉིན་ཁ་ཤས་ཀྱི་རྗེས་སུ་བྱུང་ཡོད་པ་དང་། དེའི་ཚབ་ཏུ་རྒྱ་ནག་དཔོན་རིགས་ཀྱིས་ཁོང་ཚོའི་གདམ་ག་ལྟར་པཎ་ཆེན་གྱི་ཡང་སྲིད་གཅིག་བསྐོ་གཞག་བྱས་པ་འདི་བོད་བརྒྱུད་ནང་བསྟན་གྱི་ལམ་ལ་རྡོག་རོལ་ཚབས་ཆེ་བཏང་པ་ཞིག་ཡིན་པས། རྗེས་འབྲངས་པ་ཚོར་རྒྱལ་སྤྱིའི་ལམ་ལུགས་འོག་རྒྱ་ནག་དམར་ཤོག་ཚོགས་པའི་ཐེ་བྱུས་མེད་པའི་སྒོ་ནས་རང་ཉིད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་སྒྲུག་ཞུ་རྒྱུའི་རང་དབང་དེ་ལྡན་དགོས་པས། བོད་མི་ནང་པ་ཚོར་པཎ་ཆེན་རིན་པོ་ཆེ་གར་སོང་མེད་པར་བཙན་ཁྲིད་བྱས་པའི་གནས་སྟངས་འདི་ནི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་སྲིད་འདིན་ཊམཔ་ལ་ཐད་ཀར་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་སྐུ་འཁོར་བཅས་པ་གློད་བཀྲོལ་ཡོང་ཐབས་སུ་ཞུ་སྐུལ་གནང་དགོས་པའི་འབོད་སྐུལ་ཞུས་པ་རེད་” ཅེས་རྒྱུ་མཚན་དུ་གསལ་བཤད་གནང་བྱུང་།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་པ།  ༢༠༢༦།༣།༤
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་སྙན་ཐོ་འདོན་སྤེལ་སྐབས། ༢༠༢༦།༣།༤ ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་པ། ༢༠༢༦།༣།༤ (RFA Tibetan)

པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་དགོས་ཞེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གསུངས་པ།

གོང་ཞུས་ཨ་རིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་ལྷན་ཚོཊ་ཀྱི་ཞུ་སྐུལ་ཐད། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ཚེས་ ༡༧ ཉིན་ཡིག་ཐོག་ལན་འདེབས་གནང་པའི་ནང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་མགྲིན་ཚབ་པ་ཞིག་གིས་རྒྱ་ནག་གི་དཔོན་རིགས་ཚོས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་༧སྐུ་འཁོར་ནང་མི་ལྷན་རྒྱས་འཕྲལ་དུ་གློད་བཀྲོལ་ཐོངས་དགོས་པ་དང་། རྒྱ་ནག་ནང་དུ་ཆོས་ལུགས་དད་མོས་ཀྱི་ཐོག་ནས་བོད་མི་དང་མི་རིཊ་གཞན་རྣམས་ལ་རྡུང་རྡེག་བཙན་གནོན་བྱེད་མཚམས་འཇོག་དགོས་པ་རེད་ཅེས་ཕྱི་ཟླ་ ༩ ཚེས་ ༡༧ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ནས་གསལ་བཤད་གནང་པའི་ནང་གསུངས་འདུག

མགྲིན་ཚབ་པ་དེས་ད་དུང་། ༧གོང་ས་༧ཏཱ་ལའི་བླ་མ་མཆོག་དང་༧པཎ་ཆེན་རིན་པོ་ཆེ་ལྟ་བུ་བོད་མིའི་ནང་པ་ཚོར་རང་གི་ཆོས་ལུགས་ཀྱི་སྲོལ་རྒྱུན་ལྟར་འགྲོ་དགོས་པ་དང་དམར་ཤོག་རྒྱལ་ཁབ་ཀྱི་ཐེ་བྱུས་མེད་པར་འདེམས་སྒྲུག་བྱེད་པའི་ནུས་པ་ལྡན་དགོས་པ་རེད་ཅེས་དང་། ཨ་མི་རི་ཀའི་ངོས་ནས་བོད་མི་ནང་པ་ཚོའི་རང་ཉིད་ཀྱི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་འཇིགས་སྣང་དང་ཐེ་བྱུས་མེད་པར་གཅེས་འཛིན་དང་སྲུང་བརྩི་བྱེད་པའི་ནུས་པར་རྒྱབ་སྐྱོར་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིར་འབྱོར་གྲབ་ཡོད་པའི་གནས་སྐབས་འདིར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་རྒྱལ་ས་་ཝ་ཤིང་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་ཐེངས་འདིའི་སྲིད་འཛིན་ཞི་ཅིན་ཕིང་གི་ཨ་རིའི་གཞང་འབྲེལ་ཕྱོགས་སྐྱོད་དང་དེའི་དོན་གནད་གཙོ་བོ་ཇི་ཡིན་སོགས་ཀྱི་ཐད་འབྲེལ་བ་ཞུས་ཏེ་བཀའ་དྲི་ཞུས་པར་ད་བར་ལན་འདེབས་གང་ཡང་འབྱོར་མ་བྱུང་པས་ངང་སྒུག་བྱེད་བཞིན་ཡོད།

“རྒྱ་ནག་ལ་ཉེས་ཆད་ཐོངས་དགོས།“

ཨ་རིའི་གྲོས་ཚོགས་ཀྱིས་ཆེད་འཛུགས་གནང་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལྷན་ཚོཊ་ཀྱིས་ལོ་ལྟར་ཨ་རིའི་གཞུང་དང་གྲོས་ཚོགས་ལ་འཛམ་གླིང་ཁྱོན་གྱི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལ་བསྐྱར་ཞིབ་ཀྱི་སྙན་ཐོ་བཏོན་ཏེ་རྒྱབ་གཉེར་གནང་གི་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༦ གི་ལོ་འཁོར་སྙན་ཐོའི་ནང་རྒྱབ་གཉེར་གནང་དོན་བཞིན། ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་སིཕ་མཧ་མུདྷ་ལགས་ཀྱིས། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་སྐུ་འཁོར་བཅས་པ་བཙན་ཤེད་ཀྱིས་གར་སོང་ཆ་མེད་དུ་ཁྲིད་པ་ཚུད་ཆོས་ལུགས་རང་དབང་ལ་རྡོག་རོལ་གཏོང་མཁན་གི་འགན་དཀྲི་ཡོད་པའི་རྒྱ་ནག་གཞུང་གི་སྡེ་ཁག་དང་། སྒྲིག་འཛུགས། དཔོན་རིགས་བཅས་ལ་ཨ་རིའི་གཞུང་གིས་ཉེས་ཆད་གཅོད་རྒྱུ་འདི་སྲིད་བྱུས་ཀྱི་གདམ་ག་གནད་འགག་ཅན་ཞིག་ཡིན་པ་བསྐྱར་ནན་གྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་འཇིམ་མེག་གྷོ་ཝརཎི་མཆོག་གིས་གྲོས་ཚོཊ་ཀྱི་ཚོགས་ཆུང་ཞིག་གི་ཚོགས་འདུའི་སྐབས་བཀའ་མོལ་གནང་བཞིན་པའི་༷པར། ༢༠༢༦།༠༣།༢༧
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་འཇིམ་མེག་གྷོ་ཝརཎི། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་འཇིམ་མེག་གྷོ་ཝརཎི་མཆོག་གིས་གྲོས་ཚོཊ་ཀྱི་ཚོགས་ཆུང་ཞིག་གི་ཚོགས་འདུའི་སྐབས་བཀའ་མོལ་གནང་བཞིན་པའི་༷པར། ༢༠༢༦།༠༣།༢༧ (REUTERS)

པཎ་ཆེན་རིན་པོ་ཆེའི་གནས་སྟངས་ར་སྤྲོད་གནང་དགོས་པའི་དགོས་འདུན།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེཀ་གྷོ་ཝརཎ་ (Jim McGovern) ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཤི་ཅིན་ཕིང་ལ་ཆབ་སྲིད་བཙོན་པ་ཚང་མ་གློད་བཀྲོལ་ཐོངས་དགོས་པ་དང་། ཆབ་སྲིད་ཀྱི་བཙོན་པ་རྣམས་གློད་བཀྲོལ་དང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡོད་པའི་བདེན་དཔང་ར་སྤྲོད་དགོས་ཤིང་། གལ་ཏེ་༧པན་ཆེན་རིན་པོ་ཆེ་མཆོག་གིས་མི་མང་ལ་བཀའ་མོལ་གནང་རྒྱུའི་ཐུགས་འདོད་ཡོད་ན་དེ་ལྟར་གནང་འཇུག་དགོས་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་བཙོན་པའི་གནད་དོན་རྣམས་གྲོས་གཞིའི་ཐོག་ལ་སླར་ཡང་འཇོག་དགོས་ཞེས་ཁོང་གི་སྤྱི་ཚོགས་དྲ་ལམ་ཐོག་བརྙན་ཐུང་བརྒྱུད་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་དང་རྒྱ་ནག་གི་སྲིད་འཛིན་ཤི་ཅིན་ཕིང་ལ་བརྡ་ལན་ཡིན་ཞེས་གསུངས་འདུག

ྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་གནད་དོན་གླེང་པ།

ཨ་རི་དང་རྒྱ་ནག་གཉིས་ཀྱི་འགོ་ཁྲིད་དབར་མཇལ་མོལ་གནང་རྒྱུའི་བདུན་ཕྲག་གཅིག་ཙམ་གྱི་གོང་ལ་ཉམས་ཞིབ་སྡེ་ཚན་དང་། ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་ཐད་ལྟ་སྲུང་བྱེད་མཁན་གྱི་གཞུང་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་མང་པོས་ཉན་ཞིབ་དང་བགྲོ་གླེང་སོགས་གནང་བཞིན་པའི་དུས་སྐབས་འདིར། ཨ་རིའི་རང་དབང་ཁང་པས་བོད་མི་དགེ་འདུན་པ་དང་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ Fred Hiatt མཚན་ཐོག་ནས་ཆབ་སྲིད་བཙོན་པ་གློད་བཀྲོལ་འབྱུང་ཐབས་ཀྱི་ལས་འཆར་གྱི་མིང་ཐོའི་ནང་བཀོད་ཡོད་ཅིང་། སྒོ་ཤེས་རབ་རྒྱ་མཚོ་ལགས་འཕྲལ་དུ་བཙོན་གྲོལ་ཐོངས་དགོས་པའི་དགོས་འདུན་བཏོན་པ་དང་མཉམ། ཁོང་བཙོན་འཇུག་བྱེད་པ་འདི་ནི་བོད་མི་ཤེས་ཡོན་ཅན་དང་རྩོམ་པ་པོར་ཆེད་དམིགས་ཀྱི་དྲག་གནོན་བྱེད་པའི་ལམ་ལུགས་གཞི་རྒྱ་ཆེ་བའི་ཆ་ཤས་ཤིག་རེད་ཅེས་གསུངས་འདུག

“སྲིད་འཛིན་ཊམཔ་གྱིས་བོད་ཀྱི་གཞི་རྩའི་གནད་དོན་སེལ་ཐབས་གནང་དགོས།“

བོད་དོན་ཞུ་གཏུག་གནང་མཁན་ཚོར་པཎ་ཆེན་རིན་པོ་ཆེའི་གནད་དོན་ལས་འདས་པའི་བོད་ཀྱི་མ་འོངས་གནས་བབ་ཐོག་ལ་གྲོས་བསྡུར་གནང་རྒྱུ་འདི་གལ་ཆེ་བར་ངོས་འཛིན་གནང་གི་ཡོད་པ་རེད།དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་གསུངས་དོན་དུ། ང་རང་སྒེར་གྱི་ངོས་ནས་སྲིད་འཛིན་ཊམཔ་མཆོག་གིས་ཨ་རིའི་ཁྲིམས་ལུགས་གཏན་འབེབས་གནང་ཟིན་ཡོད་པ་ལྟར། བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་སྐོར་སྲིད་འཛིན་ཊམཔ་ཀྱིས་གླེང་དགོས་པ་དང་། ཨ་རིའི་གཞུང་གིས་དེ་སྔ་ནས་འཛིན་པའི་བཞེངས་ཕྱོགས་ལྟར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་ཡོད་པའི་དུས་སྐབས་འདིར་བོད་དོན་སེལ་བའི་ཐབས་ལམ་ཞིག་འཚོལ་རྒྱུ་འདི་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ལ་ཐུག་ཡོད་པ་འདི་བསྐྱར་ནན་གནང་དགོས་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

ཁོང་གིས་ད་དུང་ད་རེས་སྲིད་འཛིན་ཊམཔ་ཀྱིས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གློད་བཀྲོལ་ཐོངས་དགོས་པའི་འབོད་སྐུལ་གནང་བ་ཡིན་ན་དེ་ནི་བོད་མི་ཚོར་མཚོན་ན་དོན་སྙིང་ལྡན་པའི་བརྡ་ལན་ཞིག་ཆགས་རྒྱུ་རེད་ཅེས་གསུངས་བྱུང་།

ཞི་ཅིན་ཕིང་གི་ཨ་རིར་ཕྱོགས་བསྐྱོད་དང་གྲོས་གཞིའི་ཐད་དབྱེ་ཞིབ།

ཐེངས་འདིའི་ཨ་རི་དང་རྒྱ་ནག་གཉིས་ཀྱི་སྲིད་འཛིན་དབར་མཇལ་འཕྲད་གནང་པའི་བརྒྱུད་རྒྱལ་ཁབ་ཕྱོགས་ཕན་ཚུན་བར་གཙོ་བོ་ཚོང་འབྲེལ་དང་མི་བཟོས་རིག་ནུས་ཀྱི་ཐད་མཉམ་ལས་སོགས་ཀྱི་སྐོར་ལ་ཆེས་མཐོའི་གྲོས་མོལ་གནང་འཆར་ཡོད་པ་རེད། འོན་ཀྱང་བོད་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཞན་སོགས་དབུ་ཁྲིད་རྣམ་གཉིས་ཀྱིས་ཐད་ཀར་གླེང་སློང་བྱེད་རྒྱུ་ཡིན་མིན་གསལ་ཁ་མེད་པ་རེད།

ཞི་ཅིན་ཕིང་གིས་ཨ་རིར་གཞུང་འབྲེལ་ཕྱོགས་བསྐྱོད་མཐའ་མ་དེ་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ནང་སཱན་ཕརན་སིསྐོ་རུ་ཚོགས་པའི་(APEC) ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་སུ་བཅར་བ་དེ་ཆགས་ཡོད་ཅིང་། སྐབས་དེར་ཨ་རིའི་སྲིད་འཛིན་འཇོ་སྦཡེ་ཌན་དང་ཟུར་དུ་མཇལ་མོལ་གནང་ཡོད་ལ། སྲིད་འཛིན་ཊམཔ་དང་ཞི་ཅིན་ཕིང་གཉིས་ཉེ་ཆར་ཕྱི་ལོ་ ༢༠༢༦ ཟླ་ ༥ པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གཞུང་འབྲེལ་འཚམས་གཟིགས་སྐབས་མཇལ་མོལ་བྱུང་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་ཚོས་སྐབས་དེའི་འཚམས་གཟིགས་སྐབས་ཕྱོགས་གཉིས་ཀྱི་དབར་ལ་རྒྱལ་སྤྱིའི་གནད་དོན་དང་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་ཐོག་ལ་འབུར་ཐོན་གྱི་འབྲེལ་ལམ་དམ་ཟབ་བྱུང་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་མེད་པ་རེད།ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་འཐབ་ཇུས་དང་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ (Center for Strategic and International Studies) ཀྱི་རྒྱ་ནག་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཧེན་རི་ཊ་ ལེ་ཝིན་ (Henrietta Levin) ལགས་ཀྱིས། རྒྱ་ནག་གཞུང་གིས་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་བརྟན་ལྷིང་རྒྱུན་འཁྱོངས་བྱེད་འདོད་ཡོད་ཀྱང་ཐའེ་ལྦན་དང་རྒྱ་ནག་རྒྱལ་ནང་གི་དཔལ་འབྱོར་གྱི་སྲིད་བྱུས་ཐེ་བའི་གནད་དོན་ཁག་གི་ཐོག་ལ་ཨ་རིའི་ཐེ་གཏོགས་བྱེད་པར་ཚད་བཀག་བཟོ་འདོད་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་བོད་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་༧སྐུའི་ཡང་སྲིད་སྐོར་ཐེངས་འདིའི་སྲིད་འཛིན་གཉིས་དབར་གྲོས་བསྡུར་བྱེད་པའི་གོ་སྐབས་ཤིག་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ཁོང་གིས་ཨ་རིས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་གནད་དོན་སྐོར་ལ་གསལ་པོ་བཟོ་དགོས་པའི་ཆ་ཤས་གཉིས་ཡོད་པ་གསལ་འདོན་གནང་ཞིང་། དང་པོ་དེ་བོད་མི་ཚོར་སོ་སོའི་ཆོས་ཉམས་ལེན་བྱེད་རྒྱུ་དང་བོད་མི་དེ་དག་གི་ཆོས་དད་རང་དབང་ལ་རྒྱ་ནག་གིས་བརྩི་བཀུར་བྱེད་དགོས་པའི་འགན་འཁྲི་ཡོད་པ་དང་། གཉིས་པ་དེ་རྒྱ་ནག་གིས་ཨ་རིའི་མི་མང་དང་ཡང་ན་ཨ་རིའི་ནང་གནད་སྡོད་བྱེད་མཁན་ཚོར་རྒྱ་ནག་གཞུང་གིས་བསྐོ་གཞག་བྱས་པའི་ཏཱ་ལའི་བླ་མར་རྒྱབ་སྐྱོར་བྱེད་དགོས་པར་བཙན་ཤེད་ཀྱིས་འབད་བརྩོན་བྱེད་པ་ཡིན་ན་ཨ་རིའི་མངའ་དབང་དང་འགལ་འཛོལ་བྱེད་པ་མཚོན་ཀྱི་ཡོད་པ་དང་། འདི་ནི་ཁས་ལེན་བྱ་ཐབས་བྲལ་བ་ཞིག་ཡིན་པ་གསལ་པོ་བཟོ་དགོས་པ་རེད་ཅེས་གསུངས་བྱུང་།།

ཁ་སྣོན་གསར་འགོད། བཀྲ་དབང་།