རྒྱ་གར་གཞུང་གིས་རྒྱལ་ས་ལྡི་ལི་གསར་པའི་ལྟེ་གནས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགའ་ལྡན་ཕོ་བྲང་ལ་གཞུང་ཁང་ཞིག་ཕུལ་ཡོད་འདུག་ཅིང་། འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལིར་ཡང་ཡང་ཆིབས་བསྒྱུར་གནང་གི་ཡོད་པར་བརྟེན་གསོལ་མགྲོན་ཁང་དུ་བཞུགས་མི་དགོས་པར་ཆེད་མངགས་སྐུ་ལྷོད་ངང་བཞུགས་ཡུལ་ཕོ་བྲང་ཞིག་ཆགས་རྒྱུ་རེད་འདུག
ལྡི་ལིའི་བཞུགས་གནས་ཀྱི་དགོས་དོན།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར། རྒྱ་གར་གཞུང་གིས་ཕུལ་བའི་ལྡི་ལིའི་གཞུང་ཁང་འདི་༧གོང་ས་མཆོག་གི་རྒྱལ་ས་ལྡི་ལིར་བཞུགས་གདན་འཇག་ཡུལ་ལ་བེད་སྤྱོད་གནང་རྒྱུའི་སྐོར་ཟླ་ཤས་གོང་ནས་གཏན་འབེབས་བྱུང་བ་ཞིག་དང་། ༧གོང་ས་མཆོག་བཞུགས་སྒར་རྡ་རམ་ས་ལ་ནས་ལྡི་ལིར་སྐུའི་འཕྲོད་བསྟེན་བརྟག་དཔྱད་ཆེད་ཕེབས་སྐབས་དང་། ས་གནས་གཞན་དུ་ཆིབས་བསྒྱུར་གནང་སྐབས་ལྡི་ལི་བརྒྱུད་ཆིབས་བསྒྱུར་གནང་གི་ཡོད་པས། ལྡི་ལིར་བཞུགས་གདན་འཇག་ཡུལ་ཕོ་བྲང་འདིས་སྐུ་སྲུང་གི་གོ་སྒྲིག་ཞུ་བདེ་རུ་གཏོང་བ་དང་ཕེབས་བཞུགས་ལ་སྟབས་བདེ་བསྐྲུན་རྒྱུ་རེད་འདུག
ཡང་ད་རེས་ཟླ་ ༡༢ པའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར་གནང་སྐབས་རྒྱ་གར་རྒྱལ་ས་ལྡི་ལིའི་བཞུགས་གདན་འཇག་ཡུལ་ཕོ་བྲང་གསར་པ་འདིར་བཞུགས་སྲིད་པ་འབྲེལ་ཡོད་ཁྲོད་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱུས་ལོན་ཤེས་རྟོགས་བྱུང་།
ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ལ་ཡིག་ཐོག་ནས་བཀའ་འདྲི་ཞུ་སྐབས་ལན་འདེབས་གནང་སོན་བྱུང་པའི་ནང་། ཟླ་ ༡༡ ཚེས་ ༢༥ ཉིན་རྒྱ་གར་གྱི་ས་གནས་དུས་ཚོད་ཕྱི་དྲོའི་ཆུ་ཚོད་ ༤ པར་གསར་འགོད་པར་གསལ་བཤད་བྱ་རྒྱུའི་ལས་རིམ་ཡོད་པས། སྐབས་དེར་གནད་དོན་འདི་དང་འབྲེལ་བའི་དྲི་བར་ལན་འདེབས་བྱ་རྒྱུ་ཡིན་ཞེས་ལན་འབྱོར་བྱུང་།

ཡང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་གནས་ཚུལ་ལ་གཞིགས་ན། ༢༠༢༥ ལོར་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་སྡོད་ཁང་དང་གྲོང་ཁྱེར་ལས་དོན་ལྷན་ཁང་ལ་གཞུང་ཁང་ཞིག་དགོས་པ་ཞུས་ཡོད་པ་དང་། སུས་བེད་སྤྱོད་བྱ་རྒྱུ་ཡིན་པ་བཀོད་མེད་ཅིང་། ལོ་དེའི་ཟླ་ ༡༠ པར་སྡོད་ཁང་ལྷན་ཁང་གིས་རིགས་ཨང་ ༧ པའི་གཞུང་ཁང་དེ་ལས་དོན་ཆེད་ཕྱི་སྲིད་ལྷན་ཁང་ལ་རྩིས་སྤྲད་ཡོད་པ་རེད་འདུག ༢༠༢༦ ལོའི་ཟླ་ ༧ པར་རྒྱ་གར་དབུས་གཞུང་གི་སྤྱི་པའི་བཟོ་སྐྲུན་ལས་ཁུངས་ཀྱིས་བདེ་སྲུང་གི་སྒྲིག་ཆས་ལེགས་སུ་གཏོང་ཆེད་རྒྱ་གར་སྒོར་མོ་འབུམ་ ༣༤.༩༤ ཡི་ལས་ཀའི་འོས་འགན་སྤྲོད་རྒྱུའི་བརྡ་ཁྱབ་བཏང་ཡོད་པ་རེད།
བོད་མིའི་སྤྱི་འཐུས་ནས་དགའ་བསུ་བ་ཞུས་པ།
ཡང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ The Times of India ཡིས་བཀོད་པར། ཟླ་ ༡༡ ཚེས་ ༢༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་ལགས་ཀྱིས་བཞུགས་གནས་འདིས་༧གོང་ས་མཆོག་ལྡི་ལིར་ཆིབས་བསྒྱུར་གནང་སྐབས་སྟབས་བདེ་བསྐྲུན་རྒྱུ་དང་། དེ་ནི་རྒྱ་གར་གཞུང་གིས་༧གོང་ས་མཆོག་དང་བོད་མི་ཚོར་རྒྱབ་སྐྱོར་གནང་བའི་མཚོན་རྟགས་ཤིག་ཡིན་པ་གསུངས་འདུག་ལ། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་ཀྱང་བོད་མི་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་རྒྱ་གར་གྱིས་རྒྱབ་སྐྱོར་གནང་བ་དྲན་གསོ་གནང་སྟེ་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུས་འདུག
མ་སུ་རི་ནས་རྡ་རམ་ས་ལའི་བཞུགས་གནས་བར།
༡༩༥༩ ལོའི་ཟླ་ ༣ ཚེས་ ༣༡ ཉིན་༧གོང་ས་མཆོག་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་རྗེས་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེཧ་རུའི་གཞུང་གིས་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་རྒྱུར་དྭང་ལེན་ཞུས་ཡོད་ལ་། སྲིད་བློན་ནེ་ཧ་རུ་མཆོག་གིས་གྲོས་ཚོགས་སུ་གསུང་བཤད་གནང་སྐབས་རྒྱ་གར་གཞུང་གིས་སྐུ་སྲུང་དང་ཕེབས་བསུའི་གོ་སྒྲིག་ཞུས་ཤིང་། ༧གོང་ས་མཆོག་གི་དགོངས་འཆར་ཞུས་རྗེས་མ་སུ་རི་བཞུགས་གནས་སུ་གཏན་འཁེལ་གནང་བ་དང། ལོ་རྒྱུས་ཡིག་ཚགས་ལྟར་ན། ༡༩༥༩ ལོ་ཟླ་ ༤ ཚེས་ ༢༠ ཉིན་མ་སུ་རིའི་བིར་ལར་བཞུགས་པ་དང་། ༡༩༦༠ ལོའི་ཟླ་ ༤ ཚེས་ ༣༠ ཉིན་རྡ་རམ་ས་ལར་བཞུགས་གནས་སྤོས་གནང་ཡོད་འདུག འདི་ནི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་བོད་མིར་དཀའ་ངལ་འཕྲད་སྐབས་རྒྱ་གར་གཞུང་གིས་༧གོང་ས་མཆོག་གིས་དབུས་པའི་བཙན་བྱོལ་བོད་མིར་དྲོ་སྐྱིད་ལྡན་པའི་ཕྱག་རོགས་གནང་བ་ཞིག་ལ་བོད་མི་ཚོས་ངོས་འཛིན་དང་རྗེས་དྲན་ཞུ་གི་ཡོད་ལ། ད་དུང་རྒྱ་གར་གཞུང་གིས་༧གོང་ས་མཆོག་ལ་གུས་བཀུར་ལྡན་པའི་མགྲོན་པོ་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་གི་ངོས་ནས་རྒྱལ་ཁབ་ཅིག་གི་དབུ་ཁྲིད་ཀྱི་གནས་བབ་དང་མཚུངས་པའི་སྣེ་ལེན་ཞུ་བཞིན་ཡོད་པ་ལྟར། ༢༠༢༥ ལོའི་ཟླ་ ༢ པར་རྒྱ་གར་གྱི་ནང་སྲིད་ལྷན་ཁང་གིས་༧སྐུའི་ཉེན་སྲུང་གི་གནས་སྟངས་ལ་དཔྱད་དཔག་གནང་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྲུང་གི་རིམ་པ་ Z རུ་སྤར་ཡོད་པ་རེད།།
པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།
ཁ་སྣོན་གྱི་གནས་ཚུལ། བསྟན་འཛིན་དོན་ཡོད། ནོར་སྡེ་སྒྲོལ་མ།
