ཡོ་རོབ་གྲོས་ཚོགས་འཐུས་མིས་བོད་དོན་ཐད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ནན་བརྗོད་གནང་པ།

“མང་གཙོའི་རྒྱལ་ཁབ་ཚང་མས་བོད་དང་མཉམ་དུ་ལངས་བའི་དུས་ཚོད་ཅིག་ཤར་ངེས་རེད།” ཅེས་ཡོ་རོབ་གྲོས་ཚོགས་འཐུས་མི་ཞིག་གིས་གསུངས་པ།

ཡོ་རོབ་གྲོས་ཚོགས་འཐུས་མིས་༧གོང་ས་མཆོག་གི་མཇལ་ཁ་ཞུས་ཏེ་བོད་དོན་རྒྱབ་སྐྱོར་གནང་རྒྱུ་བསྐྱར་ནན་གནང་བ།

ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ (Mariusz Kamiński) ལགས་དང་ (Maciej Wąsik) ལགས་གཉིས་ཀྱིས་ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོག་མ་དེ་ཞུས་ཤིང་། རྒྱ་ནག་གཞུང་གིས་བོད་ཕྱི་ནང་གཉིས་སུ་སྤེལ་བཞིན་པའི་སྲིད་བྱུས་ལ་ཡོ་རོབ་གྲོས་ཚོགས་ངོས་ནས་གདོང་ལེན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་༧སྐུའི་ཡང་སྲིད་ཀྱི་གནད་དོན་ལ་རྒྱ་ནག་གཞུང་གི་ཐེ་བྱུས་ལ་ཡོ་རབ་གྲོས་ཚོགས་ངོས་ནས་གདོང་ལེན་གནང་ཕྱོགས་ཐད་བཀའ་འདྲི་ཞུས་པར། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ (Mariusz Kamiński) ལགས་ཀྱིས། “༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པ་ནི་ང་ཚོས་ངོས་ལེན་བྱེད་ཐབས་བྲལ་བ་ལྟ་བུ་ཞིག་ཡིན་རུང་། དེར་ང་ཚོས་གདོང་ལེན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་”ཅེས་གསུངས་བྱུང་ལ། ཁོང་གིས་མུ་མཐུད་གསུངས་དོན་དུ། “ང་ཚོ་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་ངོས་ནས་ཡོ་རོབ་མཐུན་ཚོགས་དང་འགན་འཛིན་ལྷན་ཚོགས་ལ་དམིགས་བསལ་ཕྱག་བྲིས་ཤིག་ཕུལ་ཡོད་པ་དེའི་ནང་། ཡོ་རོབ་མཐུན་ཚོགས་དང་འགན་འཛིན་ལྷན་ཚོགས་གཉིས་ཀྱིས་རྒྱ་ནག་གི་འགོ་ཁྲིད་དང་ལྷན་ཚོགས་འདུ་གང་འདྲ་ཞིག་ཚོགས་རུང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། རྒྱལ་མཚམས་བརྒལ་བའི་དྲག་གནོན། དེ་བཞིན་བོད་ཀྱི་ངོ་བོ་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་བཅས་ཀྱི་སྐོར་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད་” ཅེས་གསུངས་བྱུང་།

ཡང་གྲོས་ཚོགས་འཐུས་མི་ (Maciej Wasik) ལགས་ཀྱིས། “མང་གཙོའི་རྒྱལ་ཁབ་ཚང་མས་བོད་དང་མཉམ་དུ་ལངས་བའི་དུས་ཚོད་ཅིག་ཤར་ངེས་རེད། རྒྱུ་མཚན་ནི་ཚང་མས་རྒྱ་ནག་གིས་མང་གཙོ་དང་འཛམ་གླིང་ཞི་བདེ་གཏོར་བཤིག་གཏོང་བཞིན་པ་ཤེས་ཀྱི་ཡོད་རེད། ང་ཚོས་བོད་ཀྱི་གནད་དོན་དེ་ཡོ་རོབ་མཐུན་ཚོགས་ཐོག་གི་གནད་དོན་གཙོ་གྲས་སུ་འགྱུར་བར་རང་ནུས་གང་ལྕོགས་བྱ་རྒྱུ་ཡིན་” ཞེས་པའི་དམ་བཅའ་བསྐྱར་ནན་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་དགའ་བསུ་ཞུས་པ།

ཐེངས་འདིར་རྡ་སར་བཅར་བའི་ཡོ་རོབ་གྲོས་ཚོགས་འཐུས་མི་ཁོང་གཉིས་ཀ་པོ་ལེནཌི་Poland ནས་ཡིན་པ་དང་། ཁོང་རྣམ་པའི་སྐུ་ཟླ་ཡང་བཞུགས་སྒར་རྡ་སར་མཉམ་དུ་བཅར་འདུག ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོའི་རྡ་རམ་ས་ལར་ཕྱོགས་ཕེབས་གནང་པའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་ཅིག་དང་མཇལ་འཕྲད་གནང་འདུག་ལ། ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ངོས་ནས་བཀའ་དྲུང་ཡིག་ཚང་དུ་གཞུང་འབྲེལ་དགོང་ཚིགས་འདེགས་འབུལ་ཞུས་ཤིང་། སྲིད་ཚབ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་སྐུ་ཚབ་ཚོགས་ཆུང་རྣམས་དྷ་སར་ཆེད་ཕེབས་དང་། བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་འདུག

ཡོ་རོབ་གྲོས་ཚོགས་དང་བོད་དོན།

རྩ་བའི་འདས་པའི་ལོ་ཤས་ནས་ཡོ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་དང་གྲོས་ཆོད་གནང་བ་སོགས་ཐེངས་མང་བྱུང་ཡོད་ཅིང་། ཉེ་བའི་ཆར་ཡོ་རོབ་གྲོས་ཚོགས་ནང་བལ་བོད་ས་མཚམས་སུ་བྱུང་བའི་འདམ་རུད་ཆུད་ལོག་གི་གོད་ཆག་དང་འབྲེལ། རྒྱ་ནག་གཞུང་ལ་རང་དབང་ཅན་གྱི་ཞིབ་འཇུག་པ་དང་གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་བོད་ནང་ཉེ་ལམ་ཆུ་ལོག་ཁྲོད་ཤི་རྨས་ཀྱི་གྲངས་འབོར་ཆ་ཚང་དང་བདེན་དཔང་བྱེད་ཐུབ་པའི་གནས་ཚུལ་ཕྱིར་བསྒྲགས་དགོས་པའི་དགོས་འདུན་བཏོན་ཞིང་། འདི་ལོའི་ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་ཡོ་རོབ་གྲོས་ཚོགས་ནས་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་བཞག་ཡོད་པ་དང་། ཁྲིམས་ཡིག་དེས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་གནོད་འཚེ་གཏོང་སྲིད་པ་མ་ཟད། རྒྱ་ནག་དང་ཡོ་རོབ་མཐུན་ཚོགས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་ཡོང་སྲིད་པའི་ཉེན་བརྡ་བཏང་པ་སོགས་བྱུང་ཡོད་པ་རེད།

གཞན་དེང་ཧི་མ་ཅཱལ་མངའ་སྡེའི་དགུན་དུས་ཀྱི་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན་གྲོས་ཚོགས་འཐུས་མི་ཁག་ཅིག་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་ཡོད་པ་བཞིན། དེ་སྔ་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཐེངས་དྲུག་གནང་མྱོང་ཞིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེ་བ་ཝིར་སྦདྲ་སིངྒ་ (Virbhadra Singh) ལགས་ཀྱི་བུ། ད་ཆ་(Public Works Department and Urban Development) ཧི་མ་ཅལ་མངའ་སྡེའི་སྤྱི་པའི་ལས་དོན་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་བློན་ཆེན་ཝིཀྲམ་ཨདྷི་ཏྱི་སིངྒ་(Vikramaditya Singh) ལགས་ཀྱིས་ཐེངས་འདིར་༧གོང་ས་མཆོག་གི་མཇལ་ཁར་བཅར་ཏེ། “ངའི་པཱ་ལགས་དམ་པ་ཁོང་ག་དུས་རྡ་སར་བསྐྱོད་ནའང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་གྱི་ཡོད་པས། ཐེངས་འདིར་ཁོང་གི་མཇལ་ཁ་དང་བྱིན་རླབས་ཐོབ་པར་བསྐལ་བ་བཟང་པོ་བྱུང་། ང་ཚོས་༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་ཏེ་མུ་མཐུད་ཧི་མ་ཅཱལ་མངའ་སྡེ་དང་རྒྱ་གར་ཙམ་མ་ཡིན་པར། འཛམ་གླིང་ནང་བྱམས་བརྩེ་གོང་འཕེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ༧གོང་ས་མཆོག་གི་བཀའ་དྲིན་གྱིས་རྒྱལ་སྤྱིའི་མཐོ་རིམ་མི་སྣ་མང་པོ་ཞིག་ཧི་མ་ཅཱལ་མངའ་སྡེའི་ནང་ཡོང་གོ་ཡོད་པས། མདོར་ན་༧གོང་ས་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་དཔལ་འབྱོར་ཡར་རྒྱས་ཐད་ལའང་གལ་ཆེའི་ནུས་པ་ལྡན་ཡོད།” ཅེས་གསུངས་བྱུང་།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།