འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱ་༧གོང་མ་ཁྲི་འཛིན་ ༤༤ པར་ཁྲི་འདོན།

རྒྱ་གར་དང་འབྲུག་གི་ས་མཚམས་འཇའ་འོད་སྒང་དུ་གསར་བཞེངས་གནང་པའི་དཔལ་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་གཙུག་ལག་ཁང་དུ་ས་སྐྱ་ཕུན་ཚོགས་ཕོ་བྲང་གིས་གདུང་སྲས་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ལ་དཔལ་ས་སྐྱའི་ཁྲི་རབས་ཞེ་བཞི་པའི་མཚན་གསོལ་ཞུས་ཏེ། ཆོས་ཕྱོགས་དང་ཕྱི་ལུགས་ཀྱི་ཁྲི་སྟོན་མཛད་སྒོ་ཚོགས་གནང་སོང་།

འཁོན་གདུང་༧སྐྱབས་རྗེ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱ་༧གོང་མ་ཁྲི་འཛིན་ ༤༤ པར་ཁྲི་སྟོན་ཞུས་པ།

ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༥ ཉིན་རྒྱ་གར་དང་འབྲུག་གི་ས་མཚམས་འཇའ་འོད་སྒང་དུ་གསར་བཞེངས་གནང་པའི་དཔལ་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་གཙུག་ལག་ཁང་དུ་ས་སྐྱ་ཕུན་ཚོགས་ཕོ་བྲང་གིས་གདུང་སྲས་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ལ་དཔལ་ས་སྐྱའི་ཁྲི་རབས་ཞེ་བཞི་པའི་མཚན་གསོལ་ཞུས་ཏེ། ཆོས་ཕྱོགས་དང་ཕྱི་ལུགས་ཀྱི་ཁྲི་སྟོན་མཛད་སྒོ་ཚོགས་གནང་སོང་།

འཁོན་གདུང་ཨ་སང་གྷ་རིན་པོ་ཆེ་མཆོག་གིས། ༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ ༤༤ པའི་ཁྲི་འདོན་མཛད་སྒོའི་ཆེད་བརྟན་བཞུགས་ཀྱི་སྒྲུབ་གཞག་ཉིན་ཁ་ཤས་རིང་ཚོགས་ཏེ་བརྟན་བཞུགས་དངོས་ཚོགས་རྒྱུ་ཡིན་སྟབས། ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་འདིར་གདན་འདྲེན་ཞུ་རྒྱུ་ཡིན་དུས་ང་ཚོར་དཔེ་མི་སྲིད་པའི་དུས་ཚོད་སྐལ་བ་བཟང་པོ་ཞིག་ཆགས་བསྡད་ཀྱི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ས་སྐྱ་ཁྲི་འཛིན་ ༤༤ པ་ཁྲི་འདོན་མཛད་སྒོའི་སྐབས། ༢༠༢༦།༡༡།༠༥
ས་སྐྱ་ཁྲི་འཛིན་ ༤༤ པ་ཁྲི་འདོན་མཛད་སྒོའི་སྐབས། ས་སྐྱ་ཁྲི་འཛིན་ ༤༤ པ་ཁྲི་འདོན་མཛད་སྒོའི་སྐབས། ༢༠༢༦།༡༡།༠༥ (RFA Tibetan)

བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་བཀའ་ཤག་གི་འཚམས་འདྲིའི་གསུང་འཕྲིན་ཕེབས་ཀྱི་ཡོད་པ་གསུངས་ཤིང་། ཆོས་རིག་ལས་ཁུངས་གཙོ་བོར་གྱུར་བའི་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རིན་པོ་ཆེ་མཆོག་གི་ཁྲི་འདོན་མཛད་སྒོ་དང་སྟབས་བསྟུན་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང་།

ཁྲི་སྟོན་མཛད་སྒོའི་ཐོག་དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། ཁྲི་འཛིན་གོང་མ་རྣམ་གཉིས་ཀྱི་དབུས་པས་བསྟན་བདག་བླ་ཆེན་རྣམ་པ་དབུ་བཞུགས་ཐོག སྐུ་མགྲོན་གཙོ་བོ་འབྲུག་རྒྱལ་ཁབ་ཀྱི་སྲིད་བློན་ཚེ་རིང་སྟོབས་རྒྱལ་མཆོག་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ། འབྲས་གཞུང་དགོན་གནས་བློན་ཆེན་བསོད་ནམས་བླ་མ། འབྲས་ལྗོངས་རྒྱལ་སྲས་དཔལ་ལྡན་འགྱུར་མེད་རྣམ་རྒྱལ། ས་གནས་རྒྱ་གར་དཔོན་རིགས་ཁག རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་མང་ཚོགས་ ༡༥༠༠ ལྷག་ཙམ་ལྷན་འཛོམས་གནང་ཡོད་འདུག

ས་གཞིས་སྤུ་རུ་ཝ་ལའི་གཞིས་ཆགས་ནས་ཕེབས་པའི་ཨ་མ་གཉིས་ཉིད་ལགས་ཀྱིས། དཔལ་༧ས་སྐྱ་པའི་བླ་ཆེན་རྣམ་པ་འདིར་གདན་འཛོམས་པར་ང་ཚོ་དགའ་སྣང་གིས་མིག་ཆུ་ཤོར་གྱི་འདུག་ཅེས་དང་། ང་ཚོ་རྒན་རྒོན་ཚོ་ཡང་འདིར་བཅར་ཐུབ་པར་སྐལ་བ་བཟང་ཞིང་། སྐུ་ཚེ་ཞབས་པད་བརྟན་པར་ཤོག་ཅེས་སྨོན་ལམ་ཞུ་གི་ཡོད་པ་གསུངས་བྱུང་།

ལ་དྭགས་ཡུལ་མི་ཚེ་རིང་དབང་ཕྱུག་ལགས་ཀྱིས། དེ་རིང་ང་ཚོ་རིན་པོ་ཆེ་མཆོག་གི་ཁྲི་སྟོན་མཛད་སྒོའི་ཐོག་ལ་དྭགས་ནས་ཕོ་མོ་གྲངས་ ༡༦ ཙམ་སླེབས་ཡོད། ང་ཚོ་ལ་དྭགས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་ཁོང་ལ་དགའ་བསུ་དང་སྨོན་ལམ་གྲངས་མེད་ཞུ་བཞིན་ཡོད་ཅེས་ཁོང་གིས་གསུངས་བྱུང་།

ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༩༣ ལོར་ཨ་རིའི་གྲོང་ཁྱེར་སི་ཡཱ་ཊལ་དུ་ཡབ་དཔལ་ས་སྐྱ་རྫ་ཡ་བཛྲ་རིན་པོ་ཆེ་མཆོག་དང་ཡུམ་བདག་མོ་ལྷ་མཛེས་གཡུ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་དྲུག་ལ་ཕེབས་སྐབས་ཁོང་བསླབ་པ་སློབ་གཉེར་གྱི་ཆེད་དུ་རྒྱ་གར་དུ་ཕེབས་ཡོད་། ཁོང་ནས་ས་སྐྱ་གོང་མ་ཁྲི་འཛིན་ ༤༡ པ་ཆེན་པོ་མཆོག་གིས་དབུས་མཁས་གྲུབ་ཚད་ལྡན་གྱི་བླ་མ་མང་པོའི་དྲུང་ནས་དབང་ལུང་མན་ངག་མང་པོ་གསན་བསམ་མཛད་ཡོད་པ་རེད།

དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་དཔལ་ས་སྐྱའི་ཁྲི་འཛིན་ལམ་ལུགས་ཐད་ལོ་རྒྱུས་རང་བཞིན་གྱི་ལེགས་བཅོས་མཛད་རྒྱུའི་བཀའ་དགོངས་ཕེབས་པ་ལྟར། ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༥ ཚེས་ ༨ ཉིན། ས་སྐྱའི་སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་རྣམ་གཉིས་ཞལ་འཛོམས་ཀྱིས་མཁྱེན་ཡོན་མཐར་ཕྱིན་པའི་ཕོ་བྲང་གཉིས་ཀྱི་གདུང་སྲས་སྐུ་ན་བགྲེས་རིམ་བཞིན་དུས་ཡུན་ལོ་གསུམ་རེར་ས་སྐྱའི་གསེར་ཁྲིར་ཕེབས་རྒྱུ་གཏན་འབེབས་མཛད་ཡོད་པ་དང་། ད་རེས་ནི་ས་སྐྱའི་ཁྲི་འཛིན་ལམ་ལུགས་ལེགས་བཅོས་མཛད་རྗེས་ཀྱི་ཁྲི་འདོན་མཛད་སྒོ་ཐེངས་གསུམ་པ་དེ་ཆགས་ཡོད་པ་རེད།།

པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། པ་སངས་ཚེ་རིང་།