༧གོང་ས་མཆོག་གིས་སྲི་ཞུ་བ་ཞབས་ལོ་ ༢༠ ལོན་པ་ཁག་ཅིག་ལ་མཇལ་ཁ་དང་ཕྱག་རྟགས་གསོལ་བསྩལ་གནང་།

འདིའི་ཁོངས་སུ་ནང་སྲིད་བཀའ་བློན་དང་དཔལ་འབྱོར་བཀའ་བློན་གཉིས་ཀྱང་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲི་ཞུ་བ་ཞབས་ལོ་ ༢༠ བརྒལ་བ་ཁག་ཅིག་ལ་མཇལ་ཁ་དང་ཕྱག་རྟགས་སུ་རྗེ་སྲོང་བཙན་གྱི་སྐུ་གསོལ་བསྩལ་གནང་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཞབས་ལོ་ ༢༠ ལོན་པ་དང་བགྲེས་ཡོལ་ཕེབས་མཁན་ཁྱོན་ ༡༤ ལ་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་གསོལ་བསྩལ་གནང་པ་དང་དེའི་ཁོངས་སྐབས་ ༡༧ པའི་བཀའ་ཤག་གི་བཀའ་བློན་གཉིས་འདུག་ཅིང་། ཁོང་རྣམ་གཉིས་ཀྱིས་མི་ཚེ་དོན་དང་ལྡན་པ་བྱུང་ཡོད་པར་ངོས་འཛིན་གནང་གི་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ལུགས་མཐུན་བགྲེས་ཡོལ་དུ་ཕེབས་མཁན་དང་ཞབས་ལོ་ ༢༠ ལོན་པ་བཅུ་བཞི་ལ། ཟླ་ ༡༡ ཚེས་ ༢༠ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་དང་ཕྱག་འཁྱེར་བཞེས་རྒྱུ་བྱུང་ཡོད་པ་རེད།

ཐེངས་འདིར་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་དང་ཕྱག་ཁྱེར་བཞེས་མཁན་ཁོངས་སུ། ལོ་ངོ་༣༠རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གནང་ཞིང་། བཀའ་ཤག་སྐབས་ ༡༦ སྐབས་ལྷན་ཁང་གི་དྲུང་ཆེ་དང་། བཀའ་ཤག་སྐབས་ ༡༧ སྐབས་ལྷན་ཁང་དེ་ག་རང་གི་བཀའ་བློན་དུ་བསྐོ་གཞག་བྱུང་བ། ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་ལགས་དང་དཔལ་འབྱོར་བཀའ་བློན་གྱང་གསར་ཚེ་རིང་དོན་གྲུབ་ལགས་གཉིས་ཡོད་པ་རེད།

“མ་ཤི་བར་གང་ལྕོགས་ཞབས་འདེགས་ཞུ་རྒྱུའི་དམ་བཅའ་བཞག་པ་ཡིན།”

བཀའ་བློན་ཁོང་རྣམ་པ་གཉིས་ཀྱིས་ད་བར་སྲི་ཞུའི་ལས་དོན་བསྒྲུབས་པ་དེས་མི་ཚེ་དོན་སྙིང་ལྡན་པ་སྐྱེལ་བའི་ཚོར་བ་བྱུང་ཞིང་། མུ་མཐུད་བོད་དོན་ཕྱག་ལས་གནང་རྒྱུའི་སེམས་ཤུགས་ཡོད་པ་གསུངས་བྱུང་།

དེ་ཡང་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་ལགས་ཀྱིས། “རང་ཉིད་ཀྱི་འདས་པའི་མི་ཚེར་ཕྱིར་ལྟ་བྱས་ཚེ། སྲི་ཞུ་སྒྲུབ་རིང་ལས་ཀའི་གྲུབ་འབྲས་ཡག་པོ་བྱུང་མིན་ལ་མ་ལྟོས་པར་མི་ཚེ་འདི་སྤྱི་ཚོགས་ཀྱི་ཞབས་ཞུར་སྐྱེལ་བ་འདིས་འདོད་པ་ཁེངས་པོ་བྱུང་གི་འདུག་ཅིང་། གལ་ཏེ་ངས་མི་ཚེ་འདི་ཚོང་ལས་གཉེར་ཏེ་དངུལ་མང་པོ་བཟོས་ཆེད་དུ་སྐྱེལ་ཡོད་ཚེ། དེ་རིང་ལྟ་བུའི་འདོད་པ་ཁེངས་པོ་ཞིག་ཡོང་གི་རེད་དྲན་གྱི་མིན་འདུག་” ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

༧གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཞབས་ལོ་ ༢༠ ལོན་པ་ཁག་ཅིག་ལ་མཇལ་ཁ་བསྩལ་བ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཞབས་ལོ་ ༢༠ ལོན་པ་དང་བགྲེས་ཡོལ་ཕེབས་མཁན་ཁྱོན་ ༡༤ ལ་ཕྱག་རྟགས་བསྩལ་བ།

ཡང་དཔལ་འབྱོར་བཀའ་བློན་གྱང་གསར་ཚེ་རིང་དོན་གྲུབ་ལགས་ཀྱིས། “༧གོང་ས་༧སྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་ནས་གསོལ་རས་དེ་ཐོབ་དུས་མི་ཚེ་དོན་སྙིང་ལྡན་པ་ཞིག་བྱུང་བའི་ཚོར་བ་ཞིག་བྱུང་ཞིང་། ད་དུང་མུ་མཐུད་མི་ཚེ་ལྷག་མ་འདི་བོད་མི་རིགས་དང་སྤྱི་ཚོགས། བོད་དོན་འཐབ་རྩོད་ཐད་ལས་ཀ་བྱེད་རྒྱུའི་སྙིང་སྟོབས་འཕར་མ་སྦྱིན་པའི་ཚོར་བ་ཞིག་བྱུང་ལ། མ་ཤི་བར་གང་ལྕོགས་ཞབས་འདེགས་ཞུ་རྒྱུའི་དམ་བཅའ་བཞག་པ་ཡིན་”ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ནང་སྲིད་བཀའ་བློན་དང་དཔལ་འབྱོར་བཀའ་བློན་ཁོང་རྣམ་པ་གཉིས་ཀྱིས་དེ་སྔ་སྲི་ཞུའི་ལས་བྱེད་གནང་སྐབས། ཐེམ་པ་རིམ་འཛེགས་ཀྱིས་ལས་གནས་འདྲ་མིན་གྱི་ཐོག་ཐུགས་འགན་བཞེས་འདུག་ཅིང་། ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་ལགས་ལ་མཚོན་ན། ཕྱི་ལོ་ ༡༩༩༦ ལོར་དྲུང་ལས་གནས་རིམ་ཐོག་ཀ་སྦུག་བདེ་དོན་ལས་རོགས་དང་། རིམ་བཞིན་བོད་མིའི་གཞིས་ཆགས་ཁག་ལྔའི་ནང་ས་གནས་འགོ་འཛིན་གནང་ཞིང་། དེ་ནས་རིམ་པས་འཕྲོད་བསྟེན་དྲུང་ཆེ་དང་ནང་སྲིད་དྲུང་ཆེའི་ལས་འཁུར་ཞུས་ཏེ། འདི་ལོར་བཀའ་ཤག་སྐབས་ ༡༧ པའི་ནང་སྲིད་བཀའ་བློན་དུ་བདམས་ཐོན་བྱུང་ཡོད་པ་རེད་ལ། དེ་བཞིན་དཔལ་འབྱོར་བཀའ་བློན་གྱང་གསར་ཚེ་རིང་དོན་གྲུབ་ལགས་ནི་ཐོག་མ་ཕྱི་ལོ་ ༡༩༩༦ ལོར་གཞོན་དྲུང་གནས་རིམ་ཐོག་སྲི་ཞུའི་ལས་བྱེད་ཁོངས་འཛུལ་ཞུགས་ཀྱིས་གནས་རིམ་དང་ལས་གནས་འདྲ་མིན་ཐོག་ཐེམ་པ་རིམ་འཛེགས་ཀྱིས། མཐར་དཔལ་འབྱོར་དྲུང་ཆེ་དང་དེ་ནས་དཔལ་འབྱོར་བཀའ་བློན་དུ་བསྐོ་གཞག་བྱུང་ཡོད་པ་རེད།

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རང་བཙན་ཡོད་པའི་རྒྱལ་ཁབ་ཚོ་དང་བསྡུར་ན་སྤྱིར་བཏང་སྲི་ཞུའི་ལས་བྱེད་ཚོར་ཐོབ་ཐང་ཞེ་དྲགས་རྒྱས་པོ་མེད་ན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ཉུང་མཐར་ཞབས་ལོ་ ༢༠ ཧྲིལ་པོ་ལོན་ཚེ་བགྲེས་ཕོགས་ཐོབ་ཐང་ཐོབ་ཀྱི་ཡོད་པ་རེད། མ་ཟད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ལས་ཡུན་ཞབས་ལོ་ ༢༠ ཧྲིལ་པོ་ལོན་རྗེས། ཐུགས་རྗེ་ལེགས་འབུལ་མཚོན་ཆེད་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་ཕྱག་ཁྱེར་དང་། བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་རེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་གསོལ་བསྩལ་གནང་སྲོལ་ཡོད་པ་རེད་ལ། སྤྱིར་བཏང་སྲི་ཞུའི་ལས་བྱེད་པ་ཚོས་ཞབས་ལོ་ ༢༠ ལོན་རྗེས་༧གོང་ས་མཆོག་གི་༧སྐུ་མདུན་ནས་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་བཞེས་རྒྱུ་བྱུང་ཚེ། དེ་ནི་སོ་སོའི་མི་ཚེའི་ནང་གི་དོན་སྙིང་ལྡན་པའི་ལས་འགན་ཞིག་བསྒྲུབས་པར་ངོས་འཛིན་ཞུ་གི་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།