རྒྱ་ནག་གི་སློབ་གསོའི་སྲིད་བྱུས་ཀྱིས་བོད་མིའི་ངོ་བོར་ཉེན་ཁ་བཟོ་གི་ཡོད་སྐོར་ཞུ་སྐུལ།

བོད་ཀྱི་ཤེས་ཡོན་སློབ་གསོ་བ་དང་ལས་འགུལ་བ་ཚོས་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཉན་ཞིབ་ཀྱི་ཚོགས་འདུའི་སྐབས། བོད་ནང་རྒྱ་སྐད་བཀོལ་སྤྱོད་བྱེད་རྒྱུའི་ཆེད་སློབ་གྲྭ་དང་ནང་པའི་དགོན་པར་བཀོད་སྡོམ་བྱས་པ་དེས་ཕྲུ་གུ་ཚོ་སོ་སོའི་སྐད་ཡིག་དང་ཆོས་ལུགས་ཀྱི་གོམས་སྲོལ། དེ་བཞིན་སོ་སོའི་ཁྱིམ་ཚང་ནས་ཁ་བྲལ་གཏོང་གི་ཡོད་ཅེས་སྐྱོན་བརྗོད་བྱས་འདུག

བོད་ནང་རྒྱ་ནག་གཞུང་གིས་བོད་ཕྲུག་ཚོ་གཏན་འཇགས་སློབ་གྲྭའི་ནང་བཙན་གྱིས་བཅུག་པའི་གནས་སྟངས་ཐེར་འདོན་དང་། རྒྱལ་སྤྱིའི་སྤྱི་ཚོགས་སུ་དེ་འབྲེལ་དྲིལ་བསྒྲགས་གནང་མཁན་རྒྱལ་ལོ་ལགས་ཀྱིས་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་ཁེ་ན་ཌའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མའི་ཐོབ་ཐང་ཚན་པའི་ཉན་ཞིབ་ཀྱི་ལས་རིམ་ཞིག་གི་ཐོག རྒྱ་ནག་གིས་བོད་ནང་དུ་བོད་ཕྲུག་ཚོར་རྒྱའི་སྐད་ཡིག་སློབ་གསོ་གཙོ་སྤེལ་དང་། བོད་ཕྲུག་རྣམས་གཞུང་གིས་གཉེར་བའི་བཅའ་སྡོད་སློབ་གྲྭར་གཏོང་བཅུག་པ། དེ་བཞིན་ཆོས་ཕྱོགས་ཀྱི་ལྟེ་གནས་ཁག་ལ་ཆོས་ཞུགས་བྱེད་པར་ཚོད་འཛིན་བཀག་སྡོམ་གྱི་སྲིད་བྱུས་ལག་བསྟར་བྱེད་པ་དེས་བོད་མིའི་སྤྱི་ཚོགས་ཀྱི་ངོ་བོར་བཅོས་སྒྱུར་གསར་བརྗེ་དང་ཉམས་ཉེས་གཏོང་བཞིན་ཡོད་པ་གསལ་སྟོན་གནང་འདུག

Subcommittee on International Human Rights, Canadian House of Commons
ཁེ་ན་ཌའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མའི་ཐོབ་ཐང་ཚན་པ། ༢༠༢༦།༡༡།༡༦ བོད་དོན་ལས་འགུལ་བ་དང་སློབ་གསོ་བ་འབུམ་རམས་པ་རྒྱལ་ལོ་ལགས་ཀྱི་ཁེ་ན་ཌའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མའི་ཐོབ་ཐང་ཚན་པ་ནང་ཉན་ཞིབ་ནང་མཉམ་ཞུགས་གནང་བ། ༢༠༢༦།༡༡།༡༦ (Subcommittee on International Human Rights, Canadian House of Commons)

བོད་ཕྲུག་ཚོ་རང་གི་ཕ་སྐད་དང་འབྲེལ་བ་བཅད་པ།

བོད་དོན་ལས་འགུལ་བ་དང་སློབ་གསོ་བ་འབུམ་རམས་པ་རྒྱལ་ལོ་ལགས་སུ་ལོ་ངོ་ ༣༠ ཙམ་གྱི་རིང་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་འཛིན་པ་དང་ལྷག་པར་དུ་བོད་རིགས་ན་གཞོན་རྣམས་རྒྱ་རིགས་སུ་བསྒྱུར་རྒྱུའི་ཆེད་དུ་བཙུགས་པའི་ ‘མི་སེར་སྤེལ་ཡུལ་’ བཅའ་སྡོད་སློབ་གྲྭའི་གནས་བབ་ལ་ཞིབ་འཇུག་གནང་བའི་ཉམས་མྱོང་ཡོད་པ་དང། རྒྱའི་བཅའ་སྡོད་སློབ་གྲྭར་འགྲིམ་བཞིན་པའི་བོད་པའི་ཕྲུ་གུ་རྣམས་སོ་སོའི་ནང་མི་དང་ཁ་བྲལ་དུ་གནས་བཅུག་སྟེ་བོད་ཀྱི་སྐད་ཡིག་དང་འབྲེལ་བ་ཆད་དེ་ཉིན་རེ་བཞིན་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་ཉན་ཞིབ་སྐབས་སྙན་གསེང་གནང་འདུག

ཁོང་གིས་ད་དུང་། རྒྱ་ནག་གི་ཤེས་ཡོན་ལམ་ལུགས་ནང་ལོ་མང་འགྲིམས་པའི་ཕྲུ་གུ་ཚོས་རྒྱ་སྐད་མི་ཤེས་པའི་ཕ་མ་དང་སྤུན་མཆེད་ཚོར་སྐྱོན་བརྗོད་བྱེད་སྲིད་པའི་གནས་སྟངས་ཤིག་ཏུ་འགྱུར་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག

ཁོང་གིས་ཉན་ཞིབ་སྐབས་ད་དུང་གྲོས་ཚོགས་འཐུས་མི་ཚོར་ “ཕྲུ་གུ་དང་ཕ་མའི་བར་གྱི་སྐད་ཡིག་གཅིག་འགྱུར་མེད་པ་བཟོ་རྒྱུ་ནི་རྒྱ་ནག་གཞུང་གི་དམིགས་ཡུལ་རེད།” ཅེས་ནན་བརྗོད་གནང་འདུགཉན་ཞིབ་ཚོགས་འདུ་དེའི་ཐོག་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས། བོད་ནང་གི་འགྱུར་བ་དེ་དག་གིས་བོད་ཀྱི་སྲོལ་རྒྱུན་གྱི་རིན་ཐང་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་སློབ་གསོའི་ཁྲོད་ཀྱི་སྙིང་རྗེ་དང་ཤེས་རབ་གི་ཁྱད་ཆོས་ལ་དོ་ཕོག་བཟོ་བའི་ཉེན་ཁ་བཟོ་གི་འཙུག་ཅེས་བརྗོད་འདུག

དགོན་སྡེ་ཁག་ལ་དམ་དྲག་དང་། ཆོས་ལུགས་ཀྱི་སྲོལ་རྒྱུན་ལ་ཉེན་ཁ།

རྒྱ་ནག་གཞུང་གི་སྲིད་བྱུས་ཁྲོད་བོད་ཀྱི་སྲོལ་རྒྱུན་གྱི་ཆོས་ཕྱོགས་ཀྱི་སློབ་གཉེར་དང་། རིག་གནས་སྲུང་སྐྱོབ། སྤྱི་ཚོགས་ཀྱི་འཚོ་བའི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ལ་ཤུགས་རྐྱེན་ཐེབས་པའི་སྐོར་ལ་ཉན་ཞིབ་ཐོག་གསལ་བཤད་གནང་མཁན་ཚོས་ཐུགས་འཚབ་གནང་གི་ཡོད་པ་ནན་བརྗོད་གནང་འདུག

དེ་ཡང་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་དབང་འཛིན་པ་ཚོས་བོད་ས་ཁྱོན་ཡོངས་སུ་དགོན་སྡེ་ཆེ་ཁག་དང་ཁོང་ཚོའི་འབྲེལ་ཡོད་ལས་ཁུངས་ཁག་དབར་གྱི་འབྲེལ་བར་ཚད་བཀག་བཟོས་ཏེ་ལོ་རྒྱུས་ཐོག་ཆོས་ལུགས་དང་འབྲེལ་བའི་ཚོགས་པ་ཁག་གི་འབྲེལ་ལམ་དེ་དག་ལ་བར་ཆད་གཏོང་བཞིན་ཡོད་ཅེས་བརྗོད་པ་དང་། “ཁོ་ཚོས་དགོན་པ་ཕན་ཚུན་གྱི་འབྲེལ་ཐག་བཅད་ནས་བོད་མིའི་སྤྱི་ཚོགས་ཀྱི་སྒྲོམ་གཞིར་རྩ་བ་ནས་གཏོར་བརླག་གཏོང་འདོད་བྱེད་བཞིན་ཡོད་” ཅེས་གསུངས་འདུག

རྒྱལ་ལོ་ལགས་ཀྱིས་ཉན་ཞིབ་སྐབས་ད་དུང་། ལྷ་སར་ནང་ཆོས་མུ་མཐུད་སློབ་སྦྱོང་བྱེད་འདོད་ཡོད་པའི་དགེ་འདུན་པ་ཚོར་བཀག་སྡོམ་བྱེད་པ་དང་དགོན་སྡེ་ཁག་གི་ཤེས་ཡོན་སློབ་གསོའི་ནང་རྒྱ་ནག་གི་ཆབ་སྲིད་ཀྱི་སློབ་གསོ་སྤེལ་ཀྱི་ཡོད་པ། ཡང་དགེ་འདུན་པ་ཚོར་ནང་པའི་ལྟ་གྲུབ་ཀྱི་རྩོད་གླེང་ལས་རིམ་དེ་ཚོ་བོད་སྐད་ལས་རྒྱ་སྐད་ཐོག་སྤེལ་དགོས་པའི་གནོན་ཤུགས་སྤྲོད་བཞིན་པ་དེ་དག་གིས་བོད་ནང་དུ་ཆོས་ལུགས་ཀྱི་སློབ་སྦྱོང་དང་ནང་ཆོས་ཀྱི་ཤེས་བྱ་བརྒྱུད་སྤྲོད་བྱེད་པའི་ཁྲོད་བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་གྱི་འགན་འཁྲི་ལ་གཏོར་བརླག་གཏོང་གི་ཡོད་ཅེས་འགྲེལ་བརྗོད་གནང་འདུག

གཞན་ཡང་རྒྱལ་ལོ་ལགས་དང་བཀྲས་མཐོང་ལྷ་སྒྲོན་ལགས་གཉིས་ཀྱིས་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གཞུང་གི་མི་སེར་སྤེལ་ཡུལ་བཅའ་སྡོད་སློབ་གྲྭའི་གནས་སྟངས་ཐེར་འདོན་དང་། རྒྱལ་སྤྱིའི་སྤྱི་ཚོགས་སུ་དྲིལ་བསྒྲགས་རྒྱ་ཆེ་གནང་བར་བརྟེན་རྒྱ་ནག་གཞུང་གིས་ཁོང་ལ་ཕྱི་ཟླ་ ༡༠ པའི་ནང་ ’གཞི་རྩ་གང་ཡང་མེད་པའི་’ གྱོད་གཞི་ཁྲིམས་ལ་གཏུགས་བྱས་ཡོད་པའི་གནས་སྟངས་གསལ་བཤད་གནང་པ་དང་འབྲེལ། དེ་ནི་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་བྱ་ཐབས་སྤེལ་བ་ཞིག་ཡིན་པས་ཁེ་ན་ཌའི་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་གནང་དགོས་ངེས་ཡིན་པ་ཞུ་སྐུལ་གནང་འདུག

མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཀྱིས་བོད་མིའི་ངོ་བོར་ཉེན་ཁ།

དེང་སྐབས་རྒྱལ་སྤྱིའི་ཁྱོན་ནས་རྒྱ་ནག་གཞུང་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་བྱེད་མཁན་རྒྱ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ཁེ་ན་ཌའི་གྲོས་ཚོགས་སུ་སྐོང་ཚོགས་གནང་པའི་ཐེངས་འདིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཉན་ཞིབ་དེའི་སར། ར་སྤྲོད་གསལ་བཤད་གནང་མཁན་ཚོས་བོད་མི་ཙམ་མ་ཟད་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ལ་སྔར་ལྷག་དམ་དྲག་ཆེ་རུ་འགྲོ་རྒྱུ་དང་མི་རིགས་དེ་དག་གི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པ་མདོར་ན་མི་རིགས་རང་གི་ངོ་བོ་རྩ་མེད་འགྲོ་ཉེན་དང་། ལྷག་པར་ཁྲིམས་ཡིག་དེའི་བརྒྱུད་རྒྱ་ནག་རྒྱལ་ཡོངས་ཙམ་དུ་མ་ཟད། རྒྱ་ནག་གཞུང་གིས་ཁྲིམས་མཐུན་གྱི་ངོ་བོའི་ཚུལ་གྱིས་རྒྱ་ནག་གི་ཕྱི་ཕྱོགས་སུ་གནས་སྡོད་བྱེད་མཁན་རྒྱ་རིགས་དང་བོད་མི་བཅས་ལ་ཡང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་གཏོང་བ་ཟེར་ནས་ཁྲིམས་ཐོག་ཉེས་ཆད་གཏོང་སླད་ཕྱོགས་གང་སའི་གནོན་ཤུགས་སྤྲོད་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་པ་སོགས་གནས་སྟངས་ཛ་དྲག་ཡིན་པར་བསྐྱོན་བརྗོང་བྱེད་བཞིན་ཡོད།

ཉན་ཞིབ་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་ལག་བསྟར་འགོ་འཛུགས་བྱས་པ་ནས་བཟུང་། ཕྱི་ཟླ་ ༨ ནས་ ༩ པའི་བར་ཉུང་མཐར་བོད་ནང་སློབ་གྲྭ་གསུམ་གཏན་འཇགས་ཀྱིས་སྒོ་བརྒྱབ་བཅུག་ཡོད་པ་མངོན་གསལ་དང་འབྲེལ། ཁྲིམས་ཡིག་དེ་ནི་མི་རིགས་མཐུན་སྒྲིལ་བྱེད་རྒྱུ་ལས་ལྡོག་ཏེ་མི་རིགས་རྩ་མེད་གཏོང་གི་ཡོད་པ་དང་། ད་དུང་ད་ལྟའི་ཆར་བོད་ནང་གི་བྱིས་པ་རྣམས་ལ་ཆུང་དུས་ནས་རྒྱ་ནག་དམར་ཤོག་གི་བསམ་བློ་དང་ལྟ་བ་སོགས་སློབ་ཁྲིད་བྱེད་བཅུག་ནས་མ་འོངས་པར་རིག་གནས་གསར་བརྗེ་སྐབས་ཀྱི་དུས་ཚོད་སླར་ཡང་ཡོང་སྲིད་པའི་ཉེན་ཁ་ཡོད་པ་སེམས་འཚབ་དང་སྦྲགས། ཁྲིམས་ཡིག་དེའི་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ནང་བཞུགས་པའི་བཙན་བྱོལ་བོད་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་ཉེན་ཁ་ཡོིང་སྲིད་པ་མ་ཟད། ཁེ་ན་ཌའི་མི་སེར་ཡིན་པ་བོད་པ་རྣམས་ལའང་ཁྲིམས་ཡིག་དེའི་བརྒྱུད་ནས་ཉེན་ཁ་ཡོད་པ་དང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་སྲིད་པའི་ཉེན་ཁ་ཡོད་པ་གསུངས་འདུག

འོན་ཀྱང་རྒྱ་ནག་གི་དབང་འཛིན་པ་ཚོས་མི་རིགས་སྲིད་ཇུས་ཀྱི་ཁྲིམས་ཡིག་དེ་མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་ཡར་རྒྱས། སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད།

འོན་ཀྱང་ད་རེས་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཉན་ཞིབ་ཀྱི་ལས་རིམ་ཐོག་མཉམ་ཞུགས་གནང་མཁན་བོད་མི་ཚོས། ད་ལྟའི་རྒྱ་ནག་གི་ཤེས་ཡོན་དང་ཆོས་ལུགས་ཀྱི་སྲིད་བྱུས་འཛིན་ཕྱོགས་དེས། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་ཀྱི་གོམས་སྲོལ་བཅས་པ་མི་རབས་གཞོན་པ་ཚོར་རྩིས་སྤྲོད་བྱེད་པར་གནས་སྟངས་ཞན་པ་དང་དཀའ་ལས་ཁག་ཏུ་གཏོང་རྒྱུའི་ཉེན་ཁ་ཡོད་སྐོར་བརྗོད་ཡོད་པ་རེད།།