དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་རྒྱལ་སར་གཞུང་དོན་ཕྱོགས་སྐྱོད་དུ་ཕེབས་ཡོད་ཅིང་། རྒྱལ་སའི་ཁུལ་གྱི་བོད་མིར་བཀའ་ཤག་སྐབས་ ༡༧ པས་གཏན་འབེབས་གནང་བའི་ཡིག་ཆ་གཉིས་འགྲེལ་བཤད་གནང་ཡོད།
ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་པའི་སྤྱི་མཐུན་ཚོགས་པའི་ས་གནས་བོད་མི་དང་མཇལ་འཕྲད་ཀྱིས་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་དང་བོད་ནང་གི་གནས་སྟངས། བོད་དོན་རྒྱབ་སྐྱོར་ཡོང་ཐབས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་ཅིང་། སྲིད་སྐྱོང་མཆོག་ནས་ཡིག་ཆ་ཁག་གཉིས་ངོ་སྤྲོད་ཞིབ་ཕྲ་གནང་བའི་ཁོངས་སུ་མ་འོངས་བོད་ཀྱི་འགན་སྲུང་ཞེས་པ་དང་བཀའ་ཤག་སྐབས་ ༡༧ པས་སྤྱི་ཡོངས་ལངས་ཕྱོགས་དང་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་ཞེས་པ་གཉིས་གཏན་འབེབས་གནང་སྐོར་གསུངས་སོང་།
ཡང་སྲིད་སྐྱོང་མཆོག་གིས་བཀའ་ཤག་ནས་ཕྱི་ལོ་ ༢༠༣༡ བར་ཕྱག་ལས་ཀྱི་ཁ་ཕྱོགས་སྟངས་ཐད་གཙོ་བོ་ལས་དོན་གསུམ་ཡོད་པ་སྟེ། བོད་ཀྱི་གནད་དོན་དང་བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་དོན། འཛིན་སྐྱོང་གི་ལས་དོན་བཅས་ཀྱི་ཐོག་འགྲེལ་བཤད་ཞིབ་ཕྲ་གནང་བ་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་དང་། བཙན་བྱོལ་ནང་བོད་པའི་སྐད་ཡིག་སྲུང་སྐྱོབ་ཀྱི་རྩ་འཛིན་ལས་གཞིའི་སྐོར། གཞིས་ཆགས་སྲ་བརྟན་དང་སྤྱི་པའི་འཛུགས་སྐྲུན་སོགས་ཕྱོགས་མང་པོའི་གནས་ཚུལ་ངོ་སྤྲོད་གནང་སོང་།

ཡང་སྲིད་སྐྱོང་མཆོག་གིས་བཀའ་ཤག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སུན་པོ་བཟོ་མི་དགོས་པའི་འབད་བརྩོན་གནང་བཞིན་ཡོད་པའི་ཐོག་གཞིས་ལུས་བོད་མིའི་ཡིད་ཆེས་མ་བརླག་པ་བྱ་རྒྱུ་འདི་དམ་བཅའ་ཡིན་པ་གསུངས་སོང་བས། ས་གནས་ཀྱི་བོད་པའི་གཞོན་སྐྱེས་བསྟན་འཛིན་ཚེ་རིང་ལགས་ཀྱིས་༧གོང་ས་མཆོག་དགུང་ལོ་མཐོ་པོ་ཕེབས་ཀྱི་ཡོད་དུས་ང་ཚོ་ནང་ཁུལ་གྱི་གནས་སྟངས་ཆུང་ངུ་དེ་ཚོ་༧གོང་ས་མཆོག་ལ་སྙན་སུན་ཞུ་མི་དགོས་པ་འདི་གལ་ཆེན་པོ་མཐོང་སོང་ཞེས་དང་། ཡང་ས་གནས་ཀྱི་བོད་མི་པད་མ་བདེ་ཆེན་ལགས་ཀྱིས་ད་རེས་སྲིད་སྐྱོང་ནས་དབུ་མའི་ལམ་གྱི་སྲིད་བྱུས་སོག་ཀྱི་ཐད་འགྲེལ་བཤད་ཞིབ་ཕྲ་གནང་བ་དང་གཞོན་སྐྱེས་ཚོས་ཤེས་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་བྱུང་།

ད་རེས་སྲིད་སྐྱོད་སྤེན་པ་ཚེ་རིང་ལགས་ཨ་རིའི་རྒྱལ་སའི་ཁུལ་དུ་ཕེབས་སྐབས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་ལགས་ལྷན་དུ་ཕེབས་ཡོད་ཅིང་། ཁོང་གིས་རང་ཁ་རང་གསོ་ཡོང་རྒྱུ་འདི་མི་དམངས་ཀྱི་རྒྱབ་བརྟེན་གལ་ཆེན་ཡིན་པ་སོགས་གསུང་བཤད་གནང་ཡོད་ལ། སྲིད་སྐྱོང་ཨ་རིའི་རྒྱལ་སར་ཟླ་བ་འདིའི་ཚེས་ ༩ ནས་ ༡༣ བར་བཞུགས་རིང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་དང་། ཕྱི་སྲིད་ལྷན་ཁང་ལ་ཕེབས་འདུག་ལ། རྒྱལ་སའི་ནང་གི་ཚོགས་པ་ཁག་ཅིག་གི་མི་སྣ་དང་མཇལ་འཕྲད་གནང་ཡོད་འདུག
པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། སྒྲོལ་དཀར།
འབྲེལ་ཡོད་གནས་ཚུལ།
སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་དང་གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་གི་འགོ་ཁྲིད་དང་མཇལ་ཕྲད།
རྒྱ་ནག་གི་གནོན་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་བོད་མིའི་འགོ་ཁྲིད་ཚོས་གདོང་ལེན།
ཨ་རིའི་གྲོས་ཚོགས་ཀྱི་འགྱུར་བ་དང་བོད་ཀྱི་གནད་དོན།
ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པས་༧གོང་ས་མཆོག་གི་མཇལ་ཁ་ཞུས་པ།
ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་སྐུ་ཚབ་ཚོགས་པ་ཞིག་རྡ་སར་ཕེབས་པ།
