སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མཡེ་ཀལ་མེཀ་ཀོལ་ལ་ལས་འཁྱུར་མ་ཟིན་གོང་རྗེས་དྲན་དང་ཐུགས་སྨོན་མཛད་གནང་ཡོད་པ་དང་། ཁོང་གིས་དུས་ཡུན་རིང་པོར་བོད་མི་མང་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་གསུང་འཕྲིན་བསྩལ་བའི་རྗེས་ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་མཡེ་ཀལ་མེཀ་ཀོལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་དམིགས་བཀར་ལན་འདེབས་གནང་པའི་ནང་། ཁོང་གིས་བོད་མི་ཚོས་རང་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐོང་རྩོད་ལེན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་བྱུང་།

ཁོང་གིས་ཡིག་ཐོག་ལན་འདེབས་དེའི་ནང་མུ་མཐུད། “ང་ལ་ཆེ་བསྟོད་ཀྱི་དགྱེས་སྟོན་མཛད་སྒོའི་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་བསྩལ་ནས་བཀའ་དྲིན་ཅན་གྱི་བཀའ་སློབ་དེ་འདྲ་ཐོབ་པ་ནི་གཟི་བརྗིད་ཆེན་པོ་ཞིག་རེད། རྒྱ་ནག་དམར་ཤོག་ཚོགས་པའི་འོག་བཙན་གནོན་དང་། མནར་གཅོད། བརྗོད་མི་ཐུབ་པའི་གདུག་རྩུབ་མྱངས་པའི་རྗེས་སུའང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རང་ཉིད་ཀྱི་མི་རིགས་གཅིག་པུ་མིན་པར་འཛམ་གླིང་ཡོངས་ལ་སེམས་འགུལ་ཐེབས་པ་བཟོས་ནས་ནང་སེམས་ཀྱི་ཞི་བདེ་རྒྱུན་འཁྱོངས་ཀྱིས་སྙིང་རྗེའི་གོ་རྟོགས་མུ་མཐུད་སྤེལ་གནང་ཡོད།”ཅེས་གསུངས་བྱུང་།
ཁོང་གི་ད་དུང་། “ངའི་ཕྱི་ལོ་ ༢༠༢༤ ལོར་དྷ་རམ་ས་ལར་༧གོང་ས་མཆོག་དང་མཇལ་འཕྲད་བྱུང་དེ་སྤོབས་པ་ཆེན་པོ་ཞིག་དང་། ཨ་རིའི་གཞུང་གིས་བོད་ཀྱི་མི་དམངས་ལ་རྒྱབ་སྐྱོར་ཡོད་པ་དེ་དང་ང་ཚོའི་མི་རིགས་གཉིས་ཀྱི་མཛའ་གྲོགས་ལ་ཤུགས་སྣོན་རྒྱག་པ་དེ་ནན་བཤད་བྱེད་པ་དང་། ༧གོང་ས་མཆོག་གི་ཐུགས་སྟོབསདང་། ཞི་བདེའི་རང་བཞིན། དེ་བཞིན་བློས་གཏོང་གི་དབུ་ཁྲིད་ཚོའི་སྐོར་ལ་མང་ཙམ་ཐུགས་སྣང་གནང་ཡོད། ང་རང་གང་དུ་ཕྱིན་ནའང་བོད་མི་ཚོས་རང་དབང་དང་རང་ཐག་རང་གཅོད་ཀྱི་དོན་དུ་རྟག་ཏུ་རྒྱབ་སྐྱོར་དང་མཉམ་ལངས་བྱ་རྒྱུ་ཡིན།”ཞེས་གསུངས་བྱུང་།

སྤྱི་མཐུན་ཚོགས་པའི་འཐུས་མི་མཡེ་ཀལ་མེཀ་ཀོལ་ལ་མཚོན་པ་ཡིན་ན། ཕྱི་ལོ་ ༢༠༢༤ ལོར་གཏན་འབེབས་གནང་པའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གི་ཁྲིམས་འཆར་དེ་གྲོས་ཚོགས་འོག་མའི་ནང་ཐོག་མར་འདོན་མཁན་གཙོ་བོ་གཅིག་དེ་ཡིན་པ་དང་། བོད་དོན་ཐོག་ལ་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་མཁན་ཡིན་པར་བོད་དོན་རྒྱབ་སྐྱོར་བ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད། དེ་བཞིན་ཁོང་གིས་འདོན་སྤེལ་དང་རྒྱབ་སྐྱོར་གནང་པའི་ཨ་རིའི་ཁྲིམས་ཡིག་གཅིག་ནི་། ༢༠༢༠ བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་དེ་ཡིན་། དེ་ནས་འདི་ལོ་ཕྱི་ཟླ་ ༥ ནང་གྲོས་ཚོགས་འོག་མའི་འཐུས་མི་འཇེམསི་མེཀ་གྷོ་ཝརཎ་ (Jim McGovern) ལགས་དང་། མཡེ་ཀལ་མེཀ་ཀོལ་(Michael McCaul) ལགས་རྣམ་གཉིས་ཀྱིས་ཁྲིམས་འཆར་གསར་པ་ཞིག་བཏོན་ཡོད་པ་དང་། ཁྲིམས་འཆར་འདིས་དབུས་བོད་མིའི་སྒྲིག་འཛུགས་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ངོས་འཛིན་ཞུས་ཐོག་སྲིད་སྐྱོང་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་ཆེ་མཐོང་གོང་མཐོར་གཏོང་རྒྱུའི་ཆ་རྐྱེན་བཀོད་ཡོད་པ་དང་། ༢༠༢༦ མ་འོངས་བོད་ཀྱི་འགན་ལེན་ཁྲིམས་འཆར་དེའི་ནང་ཨ་རིའི་གཞུང་གིས་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་གནང་ཕྱོགས་ལ་གཞི་རིམ་གྱི་ཐོག་ནས་འགྱུར་བ་གཏང་རྒྱུ་དང་། ཨ་རིས་བོད་མི་མང་ལ་རྒྱུན་མཐུད་དེ་རྒྱབ་སྐྱོར་གནང་དགོས་པ་འདི་གཙོ་བོར་གླེང་ཡོད་པ་རེད།
ལོ་བཅུ་ཕྲག་གཉིས་ལྷག་ཙམ་རིང་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཊེག་སས་ (Texas) མངའ་སྡེའི་འཐུས་མི་འོས་འདེམས་བྱུང་བ་མཡེ་ཀལ་མེཀ་ཀོལ་ལགས་ཀྱིས་ཕྱི་ལོ་ ༢༠༠༥ ནས་འགོ་འཛུགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་ལས་འཁུར་གནང་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ནས་ ༢༠༢༥ བར་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གནང་ཡོད། འོན་ཀྱང་ཕྱི་ལོ་ ༢༠༢༥ ཟླ་ ༩ ནང་ཁོང་མུ་འཐུད་ཨ་རིའི་འོས་བསྡུའི་ནང་བཞེངས་རྒྱུ་མིན་པའི་གསལ་བསྒྲགས་གནང་ཡོད་པ་ལྟར། ཕྱི་ལོ་ ༢༠༢༧ ཟླ་ ༡ ནས་ལས་འཁུར་ནས་འཁྱུར་གྱི་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་བདེ་སྐྱིད།
འབྲེལ་ཡོད་གནས་ཚུལ།
༧གོང་ས་མཆོག་གིས་མཡེ་ཀལ་མེཀ་ཀོལ་ལ་ལས་འཁྱུར་མ་ཟིན་གོང་རྗེས་དྲན་དང་ཐུགས་སྨོན་མཛད་པ།
༧སྐུའི་ཡང་སྲིད་ཐད་རྒྱ་ནག་གིས་ཐེ་ཇུས་མི་ཆོག་པའི་ཁྲིམས་ཡིག་བསྐྱར་བཅོས་ཀྱི་གྲོས་འཆར།
བོད་མིའི་སྒྲིག་འཛུཊ་དང་འགོ་ཁྲིད་ལ་ཨ་རི་དང་རྒྱལ་ཚོཊ་ནས་ངོས་འཛིན་དགོས་པའི་ཁྲིམས་འཆར།
