ཨ་རིའི་ཁྲིམས་འཆར་གསར་པ་འདིས་རྒྱལ་སྤྱིའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མིའི་མང་གཙོའི་འགོ་ཁྲིད་ལ་ངོས་འཛིན་ཞུ་དགོས་པའི་སྐོར་བཀོད་འདུག
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་འཇེམསི་མེཀ་གྷོ་ཝརཎ་ (Jim McGovern) ལགས་དང་། མཡེ་ཀལ་མེཀ་ཀོལ་(Michael McCaul) ལགས་རྣམ་གཉིས་ཀྱིས་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་བཏོན་པའི་ཁྲིམས་འཆར་གསར་པ་ H.R. 8982 འདིས་དབུས་བོད་མིའི་སྒྲིག་འཛུགས་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ངོས་འཛིན་ཞུས་ཐོག་སྲིད་སྐྱོང་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་ཆེ་མཐོང་གོང་མཐོར་གཏོང་རྒྱུའི་ཆ་རྐྱེན་འདོན་གྱི་ཡོད་པ་དང་། ༢༠༢༦ མ་འོངས་བོད་ཀྱི་འགན་ལེན་ཁྲིམས་འཆར་(Assuring the Future of Tibet Act of 2026) དེའི་ནང་ཨ་རིའི་གཞུང་གིས་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་གནང་ཕྱོགས་ལ་གཞི་རིམ་གྱི་ཐོག་ནས་འགྱུར་བ་གཏང་རྒྱུ་དང་། ཨ་རིས་བོད་མི་མང་ལ་རྒྱུན་མཐུད་དེ་རྒྱབ་སྐྱོར་གནང་དགོས་པ་འདི་གཙོ་བོར་གླེང་ཡོད་པ་རེད།
“ང་ཚོས་ཨ་རིའི་གཞུང་ལ་བོད་མི་རིགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་མུ་མཐུད་བྱེད་པའི་བདག་དབང་དང་ཆ་རྐྱེན་དུ་བསྐྲུན་རྒྱུར་ཤུགས་གནོན་རྒྱག་དགོས་པ་མ་ཟད་དབུས་བོད་མིའི་སྒྲིག་འཛུགས་དེ་བཞིན་བོད་མི་མང་གི་ཁྲིམས་མཐུན་དང་མང་གཙོ་ཡང་དག་པའི་ལམ་ལུགས་འོག་ནས་འོས་འདེམས་བྱས་པའི་བོད་མི་མང་གི་སྐུ་ཚབ་མཚོན་གྱི་ཡོད་པའི་ཆ་ནས་རྒྱབ་སྐྱོར་བྱེད་རྒྱུ་དགོས་གལ་ཆེན་པོར་བརྩིས་ཀྱི་ཡོད་”ཅེས་ཁྲིམས་འཆར་འདོན་མཁན་གྲོས་ཚོགས་འོག་མའི་འཐུས་མི་ཇེམསི་མེཀ་གྷོ་ཝརཎ་ (Jim McGovern) ལགས་ཀྱིས་ཕྱི་ཚེས་ ༢༦ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་གསུངས་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན།
ཁྲིམས་འཆར་དེས་མ་འོངས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ཁོ་ནར་ཡོད་པ་ལས་རྒྱ་ནག་གཞུང་གིས་གནད་དོན་འདིའི་ཐད་ཐེ་ཇུས་བྱེད་བཞིན་པར་ཁས་ལེན་གནང་གི་མེད་པ་ནན་ཏན་གྱིས་བཀོད་གནང་ཡོད་པ་རེད།
ཁྲིམས་འཆར་དེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཕུག་འགྱངས་ཀྱི་བསམ་འདུན་འཛིན་གྱི་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༡༣༠ བརྒལ་བ་སྐུ་ཚེ་བརྟན་རྒྱུའི་ཞལ་བཞེས་སྐལ་བཟང་ཐོབ་ཡོད་ཀྱང་། ལྡོག་ཏུ་མི་རུང་བའི་མ་འོངས་ཛ་དྲག་གི་འཕོ་འགྱུར་ཞིག་གི་ཡོང་བའི་སྐབས་དེར་ “ཨ་རིས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་མུ་མཐུད་བྱ་རྒྱུ་འདི་འགན་དཀྲི་བྱེད་“ཀྱི་ཡོད་པ་འཁོད་ཡོད་པ་རེད།
ཁྲིམས་འཆར་འདི་གཏན་འབེབས་བྱུང་མཚམས་དེས་དབུས་བོད་མིའི་སྒྲིག་འཛུགས་འདི་ཉིད་བོད་མི་མང་གི་ཁྲིམས་མཐུན་སྐུ་ཚབ་དུ་ངོས་འཛིན་བྱེད་རྒྱུ་དང་། ཨ་རིའི་གཞུང་གི་འབྲེལ་ཡོད་ལས་ཁུངས་དང་མི་སྣ་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་འབྲེལ་བ་བྱེད་དགོས་པའི་བཀོད་འདོམས་དང་ལམ་སྟོན་གནང་གི་ཡོད་ཅིང་། ཁྲིམས་འཆར་འདི་དང་འབྲེལ་བའི་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་གཅིག་འགྱུར་ཞིག་གང་མགྱོགས་འདོན་རྒྱུའི་རེ་བ་གནང་བཞིན་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༢ ཉིན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གཏན་འབེབས་བྱས་ཏེ་ཕྱི་ཟླ་ ༧ ཚེས་ ༡ ནས་དངོས་སུ་ལག་བསྟར་འགོ་འཛུགས་བྱེད་ཀྱི་ཡོད་པའི་དུས་འདིར། ཨ་རིའི་ཁྲིམས་འཆར་འདི་འདྲ་ཞིག་བཏོན་པ་ནི་དུས་དང་གནས་བབ་གང་གི་ཆ་ནས་གནད་འགག་གི་རང་བཞིན་དུ་གྱུར་ཡོད་ལ། ཁྲིམས་འཆར་དེའི་ནང་རྒྱ་ནག་གིས་མི་རིགས་བསྲེས་ལྷད་གཏོང་བའི་འགྱུར་འགྲོས་ཀྱི་སྲིད་བྱུས་འདིའི་ཐད་བོད་ནང་གི་བོད་མི་ཚོར་གྲོས་བསྡུར་ནམ་ཡང་བྱས་མེད་ཅེས་ཐེར་འདོན་བྱས་འདུག

༢༠༢༦ མ་འོངས་བོད་ཀྱི་འགན་ལེན་ཞེས་པའི་ཁྲིམས་འཆར་གསར་པ་དེའི་ནང་གནད་དོན་གཙོ་བོ་བཞི་གླེང་ཡོད་པ་སྟེ།
༡) དབུས་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བཙུགས་གནང་པའི་དབུས་བོད་མིའི་སྒྲིག་འཛུགས་དེ་མུ་མཐུད་གནས་རྒྱུ་དང་། དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་དེ་ནི་བོད་མི་མང་གི་ཁྲིམས་མཐུན་གྱི་མགྲིན་ཚབ་པ་ཞིག་མཚོན་གྱི་ཡོད་པ་སོགས་བཀོད་ཡོད་པར་བརྟེན། དབུས་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་བྱེད་པ་ནི་ཁྲིམས་འཆར་དེའི་འོག་ཨ་རིའི་གཞུང་འབྲེལ་གྱི་སྲིད་ཇུས་ཤིག་ཏུ་འགྱུར་རྒྱུ་ཡིན།
༢) མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་གནང་ཕྱོགས། རྒྱལ་ཚོགས་ཀྱི་གཏན་འཇགས་སྐུ་ཚབ་ཡིན་པ་ཨ་མི་རི་ཀའི་སྲིད་འཛིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་དེ་འབྲེལ་ལས་དོན་ཁག་གི་ནང་། དབུས་བོད་མིའི་སྒྲིག་འཛུགས་ལ་དོན་དམ་གྱི་གནས་བབ་ཅིག་སྤྲོད་དགོས་པའི་་སྐུལ་འདེད་གཏོང་རྒྱུར་ཨ་རིས་ཤུགས་རྐྱེན་སྤྲོད་དགོས་པ་གསལ་ཡོད། དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བློ་མཐུན་རྒྱལ་ཁབ་ཁག་དང་མཉམ་སྦྲེལ་ཐོག་ནས་རྒྱལ་སྤྱིའི་ཁྲོད་དབུས་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པ།
༣) མཐོ་རིམ་གཞུང་འབྲེལ་གྱི་འབྲེལ་བ། ཕྱི་སྲིད་དྲུང་ཆེ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་འབྲེལ་ཡོད་འགོ་ཁྲིད་ཚོར་ཐད་ཀར་འབྲེལ་བ་བྱེད་དགོས་པ་དང་། ལྷག་པར་སྲིད་སྐྱོང་དང་སྲིད་སྐྱོང་གིས་བསྐོ་བཞག་བྱས་པའི་སྐུ་ཚབ་རྣམས་ཨ་རིར་སྐོར་སྐྱོད་བྱེད་སྐབས་ཕྱི་སྲིད་ལས་ཁུངས་ཀྱིས་ངོས་ནས་འོས་འཚམ་གྱི་ཕྱི་འབྲེལ་གྱི་སྣེ་ལེན་གནང་དགོས་པ། ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་ཁབ་གཞན་གྱི་ཕྱི་འབྲེལ་དཔོན་རིགས་ལ་གནང་སྲོལ་གྱི་ཁྲིམས་སྲོལ་གྱི་སྲུང་སྐྱོབ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚོར་སྤྲོད་རྒྱུའི་ཐད་བསམ་གཞིག་བྱེད་དགོས་པ།
༤) ལོ་འཁོར་སྙན་ཐོ་འགོད་འབུལ། ཕྱི་སྲིད་དྲུང་ཆེ་མཆོག་གིས་དགོས་མཁོ་འདི་དག་ལག་བསྟར་བྱེད་པའི་གྲུབ་འབྲས་ཞིབ་ཕྲ་གསལ་བའི་ལོ་འཁོར་སྙན་ཐོ་ཞིག་གྲོས་ཚོགས་སུ་འགོད་འབུལ་གནང་དགོས་ཀྱི་ཡོད་པ་བཅས་ཚུད་ཡོད།
ཨ་རིའི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་རྒྱབ་སྐྱོར།
ཨ་རིའི་གྲོས་ཚོཊ་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་འཇེམསི་མེཀ་གྷོ་ཝརན་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་མཡེ་ཀལ་མེཀ་ཀོལ་རྣམ་གཉིས་ནི་ཕྱི་ལོ་ ༢༠༢༤ ལོར་གཏན་འབེབས་གནང་པའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གི་ཁྲིམས་འཆར་གྲོས་ཚོགས་འོག་མའི་ནང་ཐོག་མར་འདོན་མཁན་གཙོ་བོ་གཉིས་དེ་ཡིན་པ་དང་། བོད་དོན་ཐོག་ལ་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་མཁན་ཡིན་པ་རེད།།
ཡང་གྲོས་ཚོགས་འཐུས་མི་མཡེ་ཀལ་མེཀ་ཀོལ་ལགས་ཀྱིས་ཁྲིམས་འཆར་དེས་བོད་མི་མང་ལ་རྒྱབ་སྐྱོར་ཁས་ལེན་གནང་པ་ཁག་བརྟན་པོ་བཟོ་རྒྱུ་དང་། བོད་མིའི་མང་གཙོའི་འགོ་ཁྲིད་དང་མཉམ་འབྲེལ་བ་རྒྱུན་མི་ཆད་པ་བཟོ་རྒྱུ་འདི་ཡིན་ཞེས་གསུངས་ཡོད་པ་རེད།
༢༠༢༦ བོད་ཀྱི་མ་འོངས་པ་འགན་ལེན་གྱི་ (Assuring the Future of Tibet Act of 2026) ཁྲིམས་འཆར་དེ་ནི་གྲོས་ཚོགས་ཀྱི་བརྒྱུད་རིམ་ཁྲོད་ལས་དོན་མུ་མཐུད་མཇུག་སྐྱོང་གནང་བཞིན་ཡོད་ནི་བོད་དང་འབྲེལ་བའི་ཁྲིམས་འཆར་གཅིག་པུ་དེ་མ་ཡིན་པར། ཕྱི་ལོ་ ༢༠༢༦ ཟླ་ ༤ ནང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རིཀ་སིཀོཊི་ (Rick Scott) ལགས་དང་འཇེཧྥ་མརྐ་ལི་ (Jeff Merkley) ལགས་རྣམ་གཉིས་ཀྱིས་ (Tibet Atrocities Determination Act) ཞེས་རྒྱ་ནག་གིས་བོད་ནང་བཙན་གནོན་ཇེ་ཆེར་གཏོང་བཞིན་པར་ངོས་འཛིན་དགོས་པའི་་ཁྲིམས་འཆར་ཞིག་བཏོན་ཡོད་པ་རེད།
རིང་མིན་ཕྱི་ཟླ་ ༦ ཚེས་ ༨ དང་ ༩ ཉིན་ཨ་རིའི་ནང་གི་བོད་མི་ཚོས་ཨ་རིའི་རྒྱལ་སར་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བའི་ཉིན་ཁྲིམས་འཆར་དེ་གཉིས་ནི་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་སྐུལ་བྱེད་པའི་གནད་དོན་གཙོ་གྲས་ཤིག་ཆགས་ཀྱི་ཡོད་པ་རེད།།
པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།
