འབྲུག་རྒྱལ་མཆོག་གིས་དགེ་ལེགས་ཕུག་ཏུ་བོད་ཀྱི་བླ་ཆེན་རྣམ་པར་དགའ་བསུ་ཞུས་པ།

བྱང་ཆུབ་མཆོད་རྟེན་ ༡༠༨ ཉིན་གཅིག་ཏུ་བཞེངས་སྐྲུན་ལེགས་པར་གྲུབ་པའི་མཚམས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མཛད་སྒོར་ཕེབས་པའི་བླ་ཆེན་རྣམས་ལ་འབྲུག་རྒྱལ་མཆོག་གིས་དགའ་བསུ་ཞུས་པ།

༧མི་དབང་འབྲུག་རྒྱལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་དགེ་ལེགས་ཕུག་ཏུ་བྱང་ཆུབ་མཆོད་རྟེན་ ༡༠༨ ཉིན་གཅིག་ཏུ་བཞེངས་སྐྲུན་ལེགས་པར་གྲུབ་པའི་མཚམས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མཛད་སྒོ་དེའི་སར་གདན་འཛོམས་པའི་བོད་བརྒྱུད་ནང་བསྟན་དང་གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་རྣམ་པར་བཀའ་དྲིན་ཆེ་ཞེས་ཞུས་གནང་སོང་།

ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡ སྔ་དྲོ་ཐོ་རངས་ཆུ་ཚོད་ ༣ ནས་འགོ་འཛུགས་ཀྱི་དགེ་ལེགས་ཕུག་དྲན་ཤེས་གྲོང་རྡལ་ནང་༧མི་དབང་འབྲུག་རྒྱལ་མཆོག་གི་དགོངས་གཞི་ལྟར་བྱང་ཆུབ་མཆོད་རྟེན་ ༡༠༨ ཉིན་གཅིག་གི་ནང་བཞེངས་རྒྱུ་དེ་བཞིན་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་དགེ་འདུན་པ་དང་བླ་མ་ ༥༨ གྱི་ཆོས་ཀྱི་རོལ་མོ་དུང་དང་རྒྱ་གླིང་འབུད་པ་དང་མཉམ་མཆོད་རྟེན་རྣམས་གསར་བཞེངས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས་གནང་ཡོད་པ་རེད། དེ་རྗེས་འབྲུག་རྒྱལ་༧མི་དབང་མངའ་བདག་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་བོད་ཀྱི་ཆོས་རྒྱུད་འདྲ་མིན་ས་དགེ་བཀའ་རྙིང་ཇོ་ནང་དང་། གཡུང་དྲུང་བོན་དང་བཅས་ཀྱི་བླ་ཆེན་རྣམ་པ་ད་རེས་ལས་འཆར་འདིའི་མཛད་སྒོར་ཕེབས་པར་ཐུགས་རྗེ་ཆེ་དང་བཀྲིན་ཆེ་ཞེས་ཞུས་གནང་སོང་།

ཡང་དགེ་ལེགས་ཕུག་དྲན་ཤེས་གྲོང་རྡལ་དེ་བཞིན་འབྲུག་རྒྱལ་༧མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཐུགས་སྨོན་བཞིན་ལས་འཆར་གལ་ཆེན་པོ་ཞིག་ཡིན་པ་མཁན་པོ་བློ་གསལ་དབང་ཕྱུག་ལགས་ཀྱི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

འབྲུག་གི་རྗེ་མཁན་པོ་དང་བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པ། ༢༠༢༦།༡༡།༡
འབྲུག་གི་རྗེ་མཁན་པོ་དང་བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པ། འབྲུག་གི་རྗེ་མཁན་པོ་དང་བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པ། ༢༠༢༦།༡༡།༡ (Gyana Vajra Sakya via FB)

ད་རེས་འབྲུག་རྒྱལ་ཁབ་ཀྱིས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་པ་ལྟར། དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་མཆོག་དང་གདུང་སྲས་ཁྲི་འཛིན་རྣམ་པ། སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་དང་། ཞྭ་སེར་བསྟན་པའི་གཙུག་རྒྱན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༧སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག སྔ་འགྱུར་རྙིང་མའི་བླ་ཆེན་རྣམ་པ། ༧སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗོ་སློབ་དཔོན་༧ངག་དབང་ཆོས་ཀྱི་སྣང་བ་མཆོག་མཆོག་བཅས་ཀྱིས་དབུས་པའི་རྒྱལ་ཁབ་ ༡༨ ཙམ་ནས་ནང་བསྟན་གྱི་བླ་སྤྲུལ་དང་། མཁན་པོ། ཆོས་ཕྱོགས་ཀྱི་སྐྱེས་ཆེན་བརྒྱ་སྐོར་ཞིག་གདན་འཛོམས་ཏེ་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་འབྲུག་རྒྱལ་ཁབ་ཀྱི་དགེ་ལེགས་ཕུག་དྲན་ཤེས་གྲོང་ཁྱེར་གྱི་ཁྲོམ་ཁར་ཞོགས་པ་ཆུ་ཚོད་ ༣ ནས་ཕྱི་དྲོ་ཆུ་ཚོད་ ༣ བར་བྱང་ཆུབ་མཆོད་རྟེན་ ༡༠༨ ལྷན་ཅིག་ཏུ་བཞེངས་སྐྲུན་དང་དེར་རབ་གནས་བྱིན་གྱིས་རླབས་གནང་ཡོད་པ་དང་། མཆོད་རྟེན་ཡོངས་སུ་ཉིན་གུང་ཆུ་ཚོད་ ༡༢ བར་བཞེངས་སྐྲུན་ལེགས་གྲུབ་བྱུང་ཡོད་པ་རེད། འདི་ནི་བོད་བརྒྱུད་ནང་བསྟན་གྱི་བསྟན་བདག་བླ་ཆེན་རྣམ་པ་དང་ཆོས་རྒྱུད་རིས་མེད་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་འདི་ལྟར་འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་ནང་ལྷན་ཅིག་ཏུ་གདན་འཛོམས་རྒྱུའི་གཞི་རྒྱ་ཆེ་བའི་ཆོས་ཕྱོགས་ཀྱི་མཛད་རིམ་ཞིག་དང་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཏུ་གྱུར་ཡོད་པ་རེད།

འབྲུག་རྒྱལ་མཆོག་གིས་བོད་བརྒྱུད་ནང་བསྟན་དང་གཡུང་དྲུང་བོན་གྱི་བླ་ཆེན་རྣམ་པར་བཀྲིན་ཆེ་ཞེས་ཞུས་གནང་པ། འབྲུག་དགེ་ལེགས་ཕུག་ཏུ་བྱང་ཆུབ་མཆོད་རྟེན་ ༡༠༨ དུས་གཅིག་ཏུ་བཞེངས་སྐྲུན་ལེགས་གྲུབ་བྱུང་མཚམས། འབྲུག་རྒྱལ་མཆོག་གིས་བོད་པའི་བླ་ཆེན་རྣམས་ལ་ལེགས་བསུ་ཞུས་པ།

ཡང་འབྲུག་ཡུལ་ཕྱོགས་སྡེ་ཁག་འདྲ་མིན་ནས་ཕེབས་པའི་འབྲུག་པ་མང་པོ་ཞིག་གིས་མཛད་སྒོར་མཉམ་བཞུགས་གནང་ཐུབ་པར་དམིགས་བསལ་བྱིན་རླབས་ཅན་གྱི་ཉམས་མྱོང་ཞིག་ལ་ངོས་འཛིན་ཞུ་གི་འདུག

“སངས་རྒྱས་ཚང་མ་དེ་རིང་འདིར་བྱིན་རླབས་སྩོལ་བར་འདུ་འཛོམས་ཡོད་རེད་བསམ་གྱི་འདུག”

འདི་ག་རླུང་འཕྲིན་ཁང་ནས་ཕྱག་འཚལ་བ་ཞེས་འབོད་པའི་འབྲུག་པ་ཞིག་ལ་བཀའ་འདྲི་ཞུས་པར་ཁོང་གིས། དེ་རིང་སེམས་ཀྱི་ཚོར་བ་དམིགས་བསལ་ཞེ་དྲགས་བྱུང་སོང་། དེ་རིང་ཞོགས་པ་ཐོག་མ་ང་ཚོའི་རྒྱལ་པོ་མཆོག་གིས་མཆོད་རྟེན་གསར་བཞེངས་འགོ་འཛུགས་གནང་དུས་ངའི་གཟུགས་པོ་གང་པོར་གྲང་འབུར་ཐོན་པ་ཚོར་བྱུང་། སངས་རྒྱས་ཚང་མ་དེ་རིང་འདིར་བྱིན་རླབས་སྩོལ་བར་འདུ་འཛོམས་ཡོད་རེད་བསམ་གྱི་འདུག གནམ་གཤིས་ཡག་པོ། ཚང་མ་དཔེ་ཡག་པོ་གྲུབ་སོང་བསམ་གྱི་འདུག མི་ཚང་མའི་རྨི་ལམ་གྲུབ་པ་རེད་བསམ་གྱི་འདུག སྔོན་མ་གྲུང་གཤོད་སྲོལ་ཡོད་རེད། དུས་རབས་ ༧ དང་ ༨ པའི་ནང་ལོ་བརྒྱ་ཕྲག་མང་པོའི་གོང་འདི་འདྲ་བྱུང་མྱོང་ཡོད་ལ། དེ་རིང་གི་ཉིན་མོ་འདི་དམིགས་བསལ་ཞེ་དྲགས་ཆགས་ཀྱི་འདུག མཆོད་རྟེན་ ༡༠༨ མཐོ་ཚད་མི་ཌར་ ༡༥ ཡིན་པ་ཉིན་མ་ ༡ ནང་བཞེངས་རྒྱུ་དེ་ལོ་རྒྱུས་ནང་འཁོད་འོས་པ་ཞིག་རེད། འདི་མི་དཀྱུས་མ་སུ་ཞིག་གིས་བྱེད་ཐུབ་ཀྱི་མ་རེད་ཅེས་གསུངས་བྱུང་།

འབྲུག་རྒྱལ་མཆོག་ལ་བཀྲིན་ཆེ་ཞུས་པ།

ཡང་བསྟན་འཛིན་ཡེ་ཤེས་ལགས་ཀྱིས་ད་རེས་དམིགས་བསལ་དུ་བོད་ཀྱི་བླ་ཆེན་མང་པོ་ཞིག་མཇལ་རྒྱུ་བྱུང་བར་བསོད་བདེ་ཆེན་པོ་ཚོར་གྱི་ཡོད་པ་གསུངས་བྱུང་། དེ་ཡང་ཁོང་གིས། “ང་རང་ཚོས་རྒྱལ་པོ་ལ་ཐུགས་རྗེ་ཆེ་གང་འདྲ་ཞུ་དགོས་ཡོད་མེད་ཤེས་མ་སོང་། ནང་པའི་བླ་ཆེན་མང་པོ་ཞིག་འབྲུག་ལ་ཕེབས་པར་ང་ཚོ་བྱིན་རླབས་ཆེན་པོ་དཔེ་བྱུང་སོང་། དེའི་ནང་དམིགས་བསལ་དུ་བོད་པའི་བླ་ཆེན་མང་པོ་ཞིག་ཕེབས་ཐུབ་པར་ང་ཚོའི་བསོད་བདེ་རེད་བསམ་གྱི་འདུག ད་ངའི་ཚོར་བ་བཤད་པར་ཁ་ནས་ཚིག་འཚིམས་པ་ཞིག་དོན་གྱི་མིན་འདུག་ཅེས་གསུངས་བྱུང་།

ལས་འཆར་དེར་བོད་ཀྱི་ཆོད་རྒྱུད་འདྲ་མིན་གྱི་བླ་ཆེན་མང་པོ་ཞིག་གདན་ཞུ་ཡོད་པ་དང་མཉམ་འཛམ་གླིང་ཕྱོགས་སྡེ་ཁག་འདྲ་མིན་ནས་སྐུ་མགྲོན་འབོད་ཡོད་པའི་ཁྲོད་ཐཡེ་ལེནཌ་གྱི་སྲིད་བློན་དང་རྒྱ་གར་གཞུང་གི་སྐུ་ཚབ་དུ་བློན་ཆེན་ཀི་རེན་རི་ཇི་ཇུ་མཆོག་གདན་ཞུ་གནང་ཡོད་པ་མ་ཟད། མཆོད་རྟེན་ཨང་ ༧༥ པ་དེ་བཞིན་སྲིད་བློན་མོ་དྷི་མཆོག་གི་མཚན་ཐོག་ཏུ་བཞེངས་སྐྲུན་ཞུས་གནང་འདུག

འབྲེལ་ཡོད་གནས་ཚུལ།

༧མི་དབང་འབྲུག་རྒྱལ་མཆོག་གིས་༧རྒྱལ་དབང་ཀརྨ་པ་མཆོག་དང་མཇལ་ཕྲད་གནང་འདུག

དཔལ་༧རྒྱལ་དབང་ཀརྨ་པ་མཆོག་འབྲུག་ཡུལ་དུ་ཞབས་སོར་འཁོད་པ།

པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན། (འབྲུག་དགེ་ལེགས་ཕུག་ནས།)