༧མི་དབང་འབྲུག་རྒྱལ་མངའ་བདག་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་འབྲུག་གི་དགེ་ལེགས་ཕུག་དྲན་ཤེས་གྲོང་རྡལ་དུ་དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་མཇལ་ཕྲད་གནང་པ་དང་། དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་དབུས་བསྟན་བདག་བླ་ཆེན་རྣམ་པ་འབྲུག་ཡུལ་དུ་བྱང་ཆུབ་མཆོད་རྟེན་ ༡༠༨ བཞེངས་སྐྲུན་ལ་རབ་གནས་སོགས་ཀྱི་སླད་ཞབས་སོར་འཁོད་འདུག

ད་རེས་འབྲུག་རྒྱལ་ཁབ་ཀྱིས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་པ་ལྟར། དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་མཆོག་དང་གདུང་སྲས་ཁྲི་འཛིན་རྣམ་པ། སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་དང་། ཞྭ་སེར་བསྟན་པའི་གཙུག་རྒྱན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༧སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག སྔ་འགྱུར་རྙིང་མའི་བླ་ཆེན་རྣམ་པ། ༧སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗོ་སློབ་དཔོན་༧ངག་དབང་ཆོས་ཀྱི་སྣང་བ་མཆོག་མཆོག་བཅས་ཀྱིས་དབུས་པའི་རྒྱལ་ཁབ་ ༡༨ ཙམ་ནས་ནང་བསྟན་གྱི་བླ་སྤྲུལ་དང་། མཁན་པོ། ཆོས་ཕྱོགས་ཀྱི་སྐྱེས་ཆེན་བརྒྱ་སྐོར་ཞིག་གདན་འཛོམས་ཏེ་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་འབྲུག་རྒྱལ་ཁབ་ཀྱི་དགེ་ལེགས་ཕུག་དྲན་ཤེས་གྲོང་ཁྱེར་གྱི་ཁྲོམ་ཁར་ཞོགས་པ་ཆུ་ཚོད་ ༣ ནས་ཕྱི་དྲོ་ཆུ་ཚོད་ ༣ བར་བྱང་ཆུབ་མཆོད་རྟེན་ ༡༠༨ ལྷན་ཅིག་ཏུ་བཞེངས་སྐྲུན་གྱི་ལས་འཆར་དེར་རབ་གནས་བྱིན་གྱིས་རླབས་གནང་གི་ཡོད་པ་དང་། འདི་ནི་བོད་བརྒྱུད་ནང་བསྟན་གྱི་བསྟན་བདག་བླ་ཆེན་རྣམ་པ་དང་ཆོས་རྒྱུད་རིས་མེད་ཀྱི་དབུ་ཁྲིད་བླ་ཆེན་རྣམས་པ་འདི་ལྟར་འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་ནང་གདན་འཛོམས་རྒྱུའི་གཞི་རྒྱ་ཆེ་བའི་ཆོས་ཕྱོགས་ཀྱི་མཛད་རིམ་ཞིག་དང་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཏུ་གྱུར་ཡོད་པ་རེད།
མཆོད་རྟེན་ ༡༠༨ བཞེངས་སྐྲུན།
༢༠༢༦ ཟླ་ ༡༡ ཚེས་ ༡ ཉིན་འབྲུག་དགེ་ལེགས་ཕུག་དྲན་ཤེས་གྲོང་རྡལ་དུ་༧མི་དབང་འབྲུག་རྒྱལ་མཆོག་དང་ཆོས་རྒྱུད་རིས་མེད་ཀྱི་བླ་ཆེན་རྣམ་པ་དབུ་བཞུགས་ཐོག་མཆོད་རྟེན་བཞེངས་སྐྲུན་གནང་ཡོད་པ་རེད།
ཁ་སྣོན། མཆོད་རྟེན་བཞེངས་སྐྲུན་གྱི་བརྙན་ཐུང་། ༢༠༢༦།༡༡།༠༡
པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན། (འབྲུག་དགེ་ལེགས་ཕུག་ནས།)
བརྙན་ཐུང་སྒྲིག་སྦྱོར་བ། བཀྲ་དབང་།
