བོད་མིའི་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་གད་སྙིག་དང་ཆུའི་དཀའ་ངལ་ལ་གདོང་ལེན་གནང་ཐབས་གནང་གི་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་གྱིས་གསུངས་བྱུང་།
རྒྱ་གར་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་ནང་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་ཆེ་ཤོས་དང་ཛ་དྲག་ཤོས་ཁག་ནི་གད་སྙིག་སྤུངས་གསོག་བྱེད་ས་དང་། ཆུ་དཀོན་པའི་དཀའ་ངལ་གཉིས་པོ་དེ་ཡིན་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་པད་མ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་པདྨ་མཚོ་ལགས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་ནང་འཚམས་གཟིགས་སུ་ཕེབས་པ་བསྟུན་ནས་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་དྭང་ལེན་གནང་སྐབས་ཉེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་ཐེངས་ ༨ པའི་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ན་ཚ་མང་ཤོས་དང་ཛ་དྲག་ཤོས་ཁག་ཅིག་ཡོད་པ་དེ་དག་ལ་གདོང་ལེན་གནང་ཆེད་སྔོན་འགོག་ཐོག་གོ་རྟོགས་སྤེལ་རྒྱུའི་འཆར་གཞི་ཡོད་པ་གསུངས་བྱུང་།

རྒྱ་གར་ནང་གྱི་བོད་མི་ཕལ་ཆེ་བར་འཕྲོད་བསྟེན་ཉེན་སྲུང་མེད་སྟབས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་བོད་མི་རྣམས་ལ་ནད་གཞི་ཚབས་ཆེ་བ་དང་ཛ་དྲག་གི་རིགས་ལ་སྨན་བཅོས་བྱ་རྒྱུར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པ་དེར་གདོང་ལེན་བྱ་ཆེད་ཕྱི་ལོ་༢༠༡༢ ལོར་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོངས་ཀྱི་ལས་གཞི་དབུ་བཙུགས་གནང་བ་གཞིར་བཟུང་གི་རང་གཞན་གཉིས་ཕན་གྱི་ལས་གཞི་དེས་ཕན་ཐོགས་བྱུང་བཞིན་ཡོད་པ་བཀའ་བློན་མཆོག་གིས་གསུངས་བྱུང་།
དེ་མིན་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཉམས་ཐག་དང་བགྲེས་སོང་། དེ་བཞིན་ནད་གཅོང་རིགས་ལ་མཐུན་རྐྱེན་སྦྱོར་སྤྲོད་གནང་བཞིན་ཡོད་ཅིང་། བོད་པའི་དགོན་སྡེ་ཁག་ནས་ཀྱང་བོད་མི་ཙམ་དུ་མ་ཟད་གནས་ཡུལ་རྒྱ་གར་ཡུལ་མི་ཚོ་ལ་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་བཞིན་ཡོད་པ་རེད།

གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བལ་གཉིས་ཀྱི་ནང་ཁྱོན་སྨན་ཁང་ཆེ་ཆུང་གྲངས་ ༤༥ ཡོད་པ་ལས་བལ་ཡུལ་གྱི་ནང་ ༡༢ དང་རྒྱ་གར་གྱི་ནང་འཕྲོད་སྨན་ཁང་ཁག་ ༣༣ ཡོད་པ་རེད།།
པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། པདྨ་དངོས་གྲུབ།
