རྒྱ་གཞུང་གིས་བོད་ནང་གི་ས་ཆའི་མིང་སོགས་བསྒྱུར་བཅོས་གཏོང་བཞིན་པར་གདོང་ལེན་གྱི་ཆེད་བོད་ནང་གི་ས་ཆུ་རི་གསུམ་གྱི་མིང་འཁོད་ས་ཁྲ་བཟོས་ཏེ་བོད་མིའི་སྒྲིག་འཛུགས་ཀྱིས་ཡ་ལན་བྱེད་འདུག
བོད་ནང་རྒྱ་ནག་གཞུང་གིས་ས་ཆའི་མིང་སོགས་བསྒྱུར་བཅོས་གཏོང་བཞིན་པ་དེར་གདོང་ལེན་གྱི་ཆེད་བོད་ནང་གི་ས་ཆུ་རི་གསུམ་སོགས་ཀྱི་མིང་འཁོད་པའི་ས་ཁྲ་བཟོས་ཏེ་རྒྱ་ནག་གི་འདོད་ཕྱོགས་དྲིལ་བསྒྲགས་བྱེད་བཞིན་པར་བོད་མི་ཉམས་ཞིབ་པ་ཚོས་ལན་འདེབས་བྱེད་པའི་ལས་གཞི་ཞིག་བརྩམས་གནང་ཡོད་པ་དེ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་ཉིན་གསུམ་རིང་ཚོགས་པའི་བོད་རིགས་ན་གཞོན་ཀྱི་བོད་རིག་པའི་ཉམས་ཞིབ་པའི་ཚོགས་འདུའི་ཐོག་གསལ་སྟོན་གནང་སོང་།
བོད་ཀྱི་ས་མིང་སྲུང་ཐབས།
བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད་དང་འབྲེལ་བའི་ཉམས་ཞིབ་ཀྱི་ལས་རིམ་ནང་གཙོ་བོ་གཅིག་ནི་ས་ཁྲའི་ཐོག་ནས་ཉམས་ཞིབ་གནང་པ་འདི་ཆགས་ཀྱི་ཡོད་པ་རེད། དེའི་སྐོར་འབྲེལ་ཡོད་ཉམས་ཞིབ་པ་བདེ་ཁང་བཀྲིས་ལགས་ཀྱིས་གསུངས་དོན་དུ། ས་མིང་ཁྲི་བརྒྱད་དགུ་ཡང་ན་འབུམ་གཅིག་མ་ཟིན་ཙམ་ཞིག་ང་ཚོས་སྟོན་ཡོད་རེད། གྲངས་འབོར་གྱི་ཆ་ནས་ཕོན་ཆེན་པོ་ཞེ་དྲགས་གཅིག་ཆགས་ཡོད་རེད། རྗེས་སུ་སྙན་ཐོ་སྟོན་པའི་སྐབས་ལ་ད་བར་ལོ་རྒྱུས་ཀྱི་ནང་དུ་ཕལ་ཆེར་བོད་ཀྱི་ས་ཁྲ་རྒྱས་ཤོས་དེ་ཆགས་ཀྱི་རེད་བསམ་གྱི་འདུག་ཅེས་དང་། འདིས་ཀྱི་རྗེས་མ་བོད་ནང་དུ་རྒྱ་མིས་ས་མིང་ག་ཚོད་བསྒྱུར་བ་གཏང་པ་ཡིན་ཡང་། ང་ཚོ་ཡིས་སྲོལ་རྒྱུན་གྱི་ས་མིང་དེ་ཇི་མ་ཇི་བཞིན་ཉར་ཚགས་བྱེད་ཐུབ་རྒྱུ་འདི་ནི་ཕན་ཐོགས་ཆེ་ཤོས་ཤིག་ཕལ་ཆེ་ཆགས་ཀྱི་རེད་བསམ་གྱི་འདུག་ཅེས་གསུངས་བྱུང་།

ཡང་ཉམས་ཞིབ་པ་འབུམ་རམས་པ་བསྟན་འཛིན་བདེ་གསལ་ལགས་ཀྱིས། རྒྱ་ནག་གིས་ང་ཚོའི་བོད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས། བོད་ཀྱི་རིག་གནས་དང་དེ་ཚོའི་ཐོག་འཁྱོག་བཤད་མང་པོ་བྱས་ཏེ་ཁ་ཕྱོགས་དེ་ཚོ་ཡོངས་རྫོགས་གཞན་དུ་འཁྲིད་འགྲོ་གི་ཡོད་རེད་ཅེས་གསུངས་བྱུང་།
རྒྱལ་སྤྱིའི་ངོས་འཛིན།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་གནང་བའི་བོད་རིག་པའི་ན་གཞོན་གྱི་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ ༡༢ ཐོག་ཉེ་བའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལས་འཕྲོས་ཏེ་ཕྱི་ལོ་ ༡༩༡༠ ནས་ ༡༢ བར་ལོ་གཉིས་ལྷག་གི་རིང་༧རྒྱལ་དབང་སྐུ་ཕྲེང་ ༡༣ པ་ཆེན་པོ་མཆོག་རྒྱ་གར་ནང་ཉེན་ཡོལ་དུ་ཆིབས་སྒྱུར་བསྐྱངས་གནང་མཛད་སྐབས་བཞུགས་གནས་དང་༧གོང་ས་མཆོག་གིས་ཨ་རི་དང་། ཨུ་རུ་སུ། དེ་བཞིན་ཉི་ཧོང་དང་བལ་ཡུལ་སོགས་ལ་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་ཞུ་གཏུགས་གནང་ཡོད་པའི་སྐོར་སོགས་བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གྱི་མངའ་དབང་ལྡན་པའི་ལོ་རྒྱུས་ཁག་གླེང་ཡོད་པ་རེད།
ཝར་ཎ་བོད་ཀྱི་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་འཇམ་དབྱངས་དོན་གྲུབ་ལགས་ཀྱིས་གསུངས་དོན་དུ། རྒྱ་གར་དབྱིན་ཇིས་གཞུང་འཛིན་པའི་སྐབས་དེར་༧གོང་ས་༧སྐྱབས་མགོན་སྐུ་ཐོག་གོང་མ་མཆོག་རྒྱ་གར་གྱི་ནང་བཞུགས་བཅུག་པ་རེད། འདི་བཀྲིན་ཆེན་པོ་རེད། ༧རྒྱལ་བ་རིན་པོ་ཆེ་འདིར་བཞུགས་པའི་སྐབས་ལ་ཕྱག་གྲོན་གྱི་ཕྱག་དངུལ་གནང་ཡོད་ན་ཡང་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ཡང་སོ་སོའི་རང་དོན་གལ་ཆེ་ཤོས་རྩིས་བ་དང་ལྷག་པར་རྒྱ་མི་ལ་འཛེམས་ཟོན་བྱས་ཏེ་ཚང་མའི་ངོས་ནས་ཁ་ཙམ་གྱིས་མ་གཏོགས་དོན་དངོས་པོའི་ཐོག་ཕྱག་རོགས་རྩ་བ་ནས་གནང་མི་འདུག་ཅེས་གསུང་བྱུང་།

ཉམས་ཞིབ་ཀྱི་གལ་གནད།
ལོ་རྒྱུས་ཀྱི་དཔང་འཕེར་བྱེད་པར་ཉམས་ཞིབ་ཀྱི་གྲུབ་དོན་ནི་གནད་འགག་ཆེན་པོ་ཆགས་ཡོད་ལ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་གཙང་ཕྲུག་ཚེ་དབང་སྟོབས་ལགས་ཀྱིས་ཉམས་ཞིབ་པའི་ཀུན་སྤྱོད་དང་འགན་འཁུར་ཚུལ་བཞིན་ཡོད་དགོས་པ་གལ་ཆེན་ཡིན་པ་དང་དེ་ཡང་གནས་ཚུལ་ཁུངས་གཏུགས་ས་ལུང་འདྲེན་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་ཡིན་པ་གསུངས་བྱུང་།
སྟོབས་ལགས་ཀྱིས་ད་དུང་། གལ་ཆེ་ཤོས་དེ་ང་ཚོའི་དྲང་བདེན་ཟེར་རྒྱུ་འདི་བརྩི་སྲུང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་དྲང་བདེན་ཟེར་ན་གང་འདྲ་ཟེར་གྱི་ཡོད་རེད་ཟེར་ན། སོ་སོས་ཞིབ་འཇུག་བྱས་པའི་གནས་ཚུལ་ག་རེ་ཡིན་པ་དེ་གྲུབ་དོན་གྱིས་ཁ་གྲགས་ཡས་དེ་ལས་སྤྲོད་པས་རིང་ཙམ་དང་ཐུང་ཙམ་བྱེད་རྒྱུ་མེད་པ་འདི་ཀུན་སྤྱོད་བརྩི་སྲུང་བྱེད་ཕྱོགས་ཀྱི་ཐོག་ནས་གཤོད་ཀྱི་ཡོད་ཅེས་གསུངས་བྱུང་།
བོད་ཀྱི་བདག་དབང་དང་གནས་བབ་ཐད་རྒྱལ་སྤྱིའི་ཁྱོན་དུ་གླེང་སློང་སྤྱི་དང་། ལྷག་པར་ཉམས་ཞིབ་མཁས་པའི་སྤྱི་ཚོགས་ཐོག་ལ་གླེང་སློང་ཡོང་བཞིན་པར་རྒྱ་ནག་གཞུང་གིས་སྡང་ཟུག་དང་འགོག་རྐྱེན་རིམ་པར་བཟོ་བཞིན་ཡོད་པ་སྔ་རྗེས་ར་འཕྲོད་བྱུང་ཡོད་ལ། དཔེ་ན་ཉེ་ཚར་ཕྱི་ཟླ་༨ པའི་ནང་བལ་ཡུལ་དུ་བོད་རིགས་པའི་ཚོགས་འདུ་ཐེངས་ ༡༧ པ་ཚོགས་འཆར་བྱས་སྐབས། རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲད་དེ་ཚོགས་འདུ་དེའི་ཐོག་༧གོང་ས་མཆོག་དང་བོད་ཀྱི་གནད་དོན་གླེང་སློང་བྱེད་སའི་སྡིངས་ཆ་ཞིག་ཏུ་འགྱུར་རྒྱུར་དོགས་གཞི་བྱས་ཏེ་མཐར་ཚོགས་འདུ་དེ་ཚོགས་མ་ཐུབ་པར་དྲ་ཐོག་ནས་ཚོགས་དགོས་པ་ཞིག་ཏུ་གྱུར་ཡོད་པའི་སྐབས་འདིར། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་བོད་རིགས་ན་གཞོན་གྱི་བོད་རིག་པའི་ཚོགས་འདུ་ཚོགས་པ་འདི་ནི་གནད་འགག་ཆེན་པོར་གྱུར་ཡོད་པ་ཚོགས་བཅར་གནང་མཁན་ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག
པར་ལེན་དང་བརྙན་པར་ཕྱོགས་སྒྲིག་པ། པདྨ་དངོས་གྲུབ།
