༧གོང་ས་མཆོག་གི་ཡང་སྲིད་ཐད་ཨ་རིས་སྲིད་བྱུས་གཏན་འབེབས་གནང་དགོས་པ་དང་ཨ་མི་རི་ཀས་རྒྱ་གར་གཞུང་དང་མཉམ་ངེས་མེད་འཆར་འགོད་བྱ་དགོས་པ་འབྲེལ་ཡོད་མཁས་པའི་ལྷན་ཚོགས་ཀྱིས་ཨ་རིའི་གྲོས་ཚོགས་ལ་སྙན་ཐོ་ཕུལ་བའི་ནང་རྒྱབ་གཉེར་གནང་འདུག
ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ལྷན་ཁང་ U.S.-China Economic and Security Review Commission ཞེས་ཨ་རིའི་གྲོས་ཚོགས་ལ་ལམ་སྟོན་ཞུ་མཁན་གྱི་འབྲེལ་ཡོད་མཁས་པའི་ལྷན་ཚོགས་ཀྱིས་ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གི་འགོ་ཁྲིད་ལ་འགོད་འབུལ་ཞུས་པའི་སྙན་ཐོའི་ནང་ཨ་རིའི་གཞུང་དང་གྲོས་ཚོགས་ཀྱིས་ལག་བསྟར་གནང་དགོས་པའི་རྒྱབ་གཉེར་དོན་ཚན་ ༣༠ བཏོན་ཡོད་ཅིང་། དེའི་ནང་ནས་དོན་ཚན་གལ་གནད་ཆེ་བ་ ༡༠ ཟུར་འདོན་ཞུས་པའི་ཁོངས་དོན་ཚན་ ༥ པར། “ཨ་རིའི་གྲོས་ཚོགས་ཀྱིས་ངོས་ནས་༧གོང་ས་༧ཏཱ་ལའི་བླ་མ་༧སྐུ་ཕྲེང་ ༡༤ པ་ཆེན་པོའི་ཡང་སྲིད་རྩད་འཚོལ་དང་ངོས་འཛིན་ཞུ་རྒྱུའི་ཁྲིམས་མཐུན་གྱི་འགན་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩར་ཡོད་པ་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གཞུང་གིས་ངོས་འཛིན་བྱས་པའམ་ཡང་ན་བསྐོ་གཞག་བྱས་པའི་ཡང་སྲིད་གང་ཞིག་ལ་ཨ་རིས་ངོས་ལེན་བྱ་རྒྱུ་མིན་པ་ཨ་རིའི་ཁྲིམས་སུ་བཅའ་དགོས་” ཞེས་རྒྱབ་གཉེར་གནང་འདུག
ཤོག་གྲངས་ ༧༠༥ ཅན་གྱི་སྙན་ཐོ་དེའི་ནང་ད་དུང་། འདི་ལྟའི་སྲིད་བྱུས་ལག་བསྟར་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཐད་ཨ་རིས་གྲ་སྒྲིག་བྱ་ཆེད་ཨ་རིའི་གྲོས་ཚོགས་ཀྱིས་ཕྱི་སྲིད་ལས་ཁུངས་ལ་བཀོད་བསྡོམས་གནང་སྟེ། ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་དང་། རྒྱལ་ཡོངས་གསང་བའི་སྡེ་ཚན་གྱི་འགན་འཛིན། རྒྱལ་སྲུང་དྲུང་ཆེ་ཚུད་པའི་ལྷན་ཁང་མཉམ་སྦྲེལ་གྱི་ཞིབ་འཇུག་ཚོགས་ཆུང་ཞིག་སྣེ་ཁྲིད་གནང་སྟེ་གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་ལ་ཉིན་གྲངས་ ༡༨༠ ནང་ཚུན་ཞིབ་འཇུག་གི་གྲུབ་དོན་སྙན་གསེང་ཞུ་དགོས་པ་དང་། རྒྱ་གར་གཞུང་དང་མཉམ་དུ་ཡང་སྲིད་དང་འབྲེལ་བའི་རྒྱ་ནག་གི་ཤུགས་རྐྱེན་ཐད་ཞིབ་འཇུག་བྱེད་རྒྱུ་ཚུད་པའི་ངེས་མེད་ཀྱི་ལས་དོན་འཆར་འགོད་སླད་མཐོ་རིམ་གྱི་འབྲེལ་ལམ་བཙུགས་ཏེ་འབྲེལ་ཡོད་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་ལ་ལས་དོན་སྙན་སྒྲོན་ཞུ་དགོས་པའི་རྒྱབ་གཉེར་གནང་འདུག
ཨ་རིའི་གྲོས་ཚོགས་ཀྱི་ཆེད་འཛུགས་གནང་པའི་ཚོགས་ཆུང་དེས་རེས་གཟའ་ལྷག་པའི་ཉིན་བཏོན་པའི་སྙན་ཐོའི་ནང་། རྒྱ་ནག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཡང་སྲིད་ལ་ཐེ་བྱུས་ཀྱི་བརྒྱུད་ནས་བོད་བརྒྱུད་ནང་བསྟན་ལ་སྟངས་འཛིན་བྱེད་པའི་བྱ་ཐབས་ལ་འགོག་རྒོལ་བྱེད་པར་རྒྱ་གར་ལ་འགན་གཙོ་བོ་ཞིག་ཇི་ལྟར་ཡོད་མེད་ཉམས་ཞིབ་གནང་ཡོད་པ་རེད་ལ། སྙན་ཐོ་དེའི་ནང་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་དང་། རྒྱ་ནག་ལྷོ་ཕྱོགས་རྒྱ་མཚོའི་ནང་གི་འཁྲུགས་རྐྱེན་བཅས་ཀྱི་གནས་དོན་སྐོར་ལ་ཉམས་ཞིབ་ཀྱི་གྲུབ་དོན་ཁག་བཏོན་ཡོད་པ་རེད།
ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ལྷན་ཁང་ (U.S.-China Economic and Security Review Commission) ཞེས་ཨ་རིའི་གྲོས་ཚོགས་ཀྱི་ཆེད་འཛུགས་སློབ་སྟོན་ལྷན་ཚོགས་ཀྱིས་ཕྱི་ཟླ་ ༨ ཚེས་ ༢༦ ཉིན་འདོན་སྤེལ་གནང་པའི་སྙན་ཐོ་ཞིག་གི་ནང་། ཕྱི་ལོ་ ༢༠༢༥ ཟླ་ ༧ ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་སྐུ་དབང་ཡོངས་སུ་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ཁོ་ནར་ཡོད་པ་རྒྱ་ཁྱབ་ཀྱི་ཐོག་ནས་ཐག་གཅོད་གསལ་བསྒྲགས་བསྐྱངས་པའི་རྗེས་སུ་མ་འོངས་གནང་ཕྱོགས་ཀྱི་བྱ་རིམ་དེ་ད་ལྟ་གསལ་པོར་བཟོས་གནང་ཡོད་པ་ལུང་འདྲེན་ཞུས་འདུག
སྤྱིར་ཨ་རིའི་བོད་དོན་ཁྲིམས་ཡིག་ཁག་གི་ནང་དུའང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་དེ་བོད་མི་རང་ཉིད་ལ་ཡོད་པ་གསལ་ཡོད་ཅིང་། བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ངོས་འཛིན་ཞུ་རྒྱུ་དང་། ཆེ་མཐོང་འབུལ་རྒྱུ། སྐུ་ཡོན་འབུལ་རྒྱུ་བཅས་ཀྱི་བདག་དབང་བོད་མིར་ཡོད་པས་འདིའི་ཐོག་གཞུང་གང་ཞིག་གིས་ཐེ་བྱུས་བྱེད་དབང་མེད་པའི་ཐད་རྒྱབ་སྐྱོར་གནང་གི་ཡོད་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྔ་རྗེས་ཐེངས་མང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་དུས་འདིར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་དང་བོད་མི་རང་ཉིད་ཀྱིས་ངོས་འཛིན་ཐག་གཅོད་ཞུས་པའི་ཡང་སྲིད་ལ་རྒྱ་ནག་དམར་ཤོག་གཞུང་གིས་ངོས་ལེན་མ་བྱེད་པར་རྒྱ་ནག་རང་ཉིད་ཀྱི་ཡང་སྲིད་ཅིག་འདེམས་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང། ༧གོང་ས་༧སྐྱབས་མགོན་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཁྲིམས་མཐུན་གྱི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་བདག་དབང་ཐད་ལ་འགྲན་རྩོད་བྱེད་སྲིད་པའི་ཐད་ཨ་རིའི་སྙན་ཐོ་དེའི་ནང་བཀོད་གནང་ཡོད་པ་རེད། ལྷག་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་མིའི་ཆོས་ཕྱོགས་དང་འཛིན་སྐྱོང་གི་སྒྲིག་འཛུགས་གལ་ཆེན་ཁག་རྒྱ་གར་ནང་དུ་རྟེན་གཞི་བྱས་ཡོད་སྟབས། དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀྱི་༧སྐུའི་ཡང་སྲིད་འཚོལ་ཞིབ་ཀྱི་རྒྱུད་འཛིན་བྱ་རིམ་དེ་སྤེལ་བར་རྒྱ་གར་ནང་ཆབ་སྲིད་དང་མངའ་ཁོངས། དེ་བཞིན་སྒྲིག་འཛུགས་བཅས་ཀྱི་དབང་ཆའི་ཚད་འཛིན་ས་ཞིག་གཏན་འབེབས་དགོས་ཀྱི་ཡོད་པའི་དགོས་འདུན་ཀྱང་སྙན་ཐོའི་ནང་གསལ་སྟོན་བྱས་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་གནད་དོན་དེ་གཙོ་བོ་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་ཏུ་བརྩི་བཞིན་ཡོད་ཀྱང་གནད་དོན་འདི་དེ་བས་གལ་ཆེ་ཞིག་ཏུ་གྱུར་ཡོད་པར་ངོས་འཛིན་དང་སྦྲགས། ཨ་རིའི་ལས་དོན་ལྷན་ཚོགས་དེའི་ཚོགས་གཙོ་རན་ཌི་ཤི་རི་ཝར (Randy Schriver) ལགས་ཀྱིས་སྙན་ཐོ་འདི་ནི་མ་འོངས་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་དང་འབྲེལ་བའི་ཐབས་བྱུས་ཤིག་དང་ཨ་རིའི་གྲོས་ཚོགས་ཀྱི་མ་འོངས་གྲ་སྒྲིག་གནང་སྒོ་དང་འབྲེལ་བའི་བྱ་རིམ་ཁག་འཆར་འགོད་བྱེད་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་གསུངས་ཤིང་། ༧སྐུའི་ཡང་སྲིད་ཀྱི་གནད་དོན་འདི་ནི་རྒྱ་གར་དང་ཨ་རིར་ས་ཁམས་ཆབ་སྲིད་ཀྱི་ཐོག་ནས་གལ་འགངས་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད།
ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མའེཀ་ཀུའི་ཀེན་ (Mike Kuiken) ལགས་ཀྱིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧གང་ཉིད་ཀྱི་༧སྐུའི་ཡང་སྲིད་ཇི་ལྟར་ངོས་འཛིན་ཞུ་རྒྱུ་ཡིན་མིན་ཐག་གཅོད་གསལ་པོར་གནང་ཟིན་ཡོད་པ་དང་། ཨ་རི་དང་རྒྱ་གར། དམངས་གཙོའི་རྒྱལ་ཁབ་གཞན་ཁག་གིས་༧མགོན་པོ་མཆོག་གི་ལམ་སྟོན་འོག་ནས་སྐུའི་ཡང་སྲིད་ངོས་འཛིན་གནང་བ་དེ་མ་གཏོགས་ཡང་སྲིད་བསྐོ་གཞག་བྱས་པ་གཞན་ལ་ངོས་འཛིན་བྱེད་རྒྱུ་མིན་པ་དེ་མཉམ་འདུས་ཀྱི་ཐོག་ནས་གསལ་པོ་གཤོད་དགོས་པ་དང་། རྒྱ་ནག་གཞུང་གིས་འོས་མི་ཞིག་བཏོན་ཟིན་ན་དཀའ་ངལ་ཆེ་རུ་འགྲོ་རྒྱུ་ཡིན་པ་གསུངས་འདུག
ཁ་སྣོན་གསར་འགོད། བསྟན་འཛིན་བདེ་སྐྱིད།
འབྲེལ་ཡོད་གནས་ཚུལ་ཁག
༧སྐུའི་ཡང་སྲིད་ཐད་རྒྱ་ནག་གིས་ཐེ་ཇུས་མི་ཆོག་པའི་ཁྲིམས་ཡིག་བསྐྱར་བཅོས་ཀྱི་གྲོས་འཆར།
