ཨ་རིའི་གྲོས་ཚོགས་འོག་མའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར།

ཨ་རིའི་གྲོས་ཚོགས་འོག་མའི་ཁྲལ་བསྡུ་དང་ཐབས་བྱུས་ཚོགས་ཆུང་གི་ཚོགས་གཙོ་ (Jason Smith) ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འོག་མའི་འཐུས་མི་ལྔ་ཕེབས་ཡོད་པ།

ཨ་རིའི་གྲོས་ཚོགས་འོག་མའི་ཁྲལ་བསྡུ་དང་ཐབས་བྱུས་ཚོགས་ཆུང་གི་ཚོགས་གཙོ་ཇེ་སཎ་སིམིཐ་ (Jason Smith) ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འོག་མའི་འཐུས་མི་ལྔ་བཞུགས་སྒར་རྡ་སར་༧གོང་ས་མཆོག་གི་མཇལ་ཁར་བཅར་བ།

ཟླ་ ༡༠ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཁྲལ་བསྡུ་དང་ཐབས་བྱུས་ཚོགས་ཆུང་གི་ཚོགས་གཙོ་ཇེ་སཎ་སིམིཐ་ (Jason Smith) ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འོག་མའི་འཐུས་མི་ལྔ་དམིགས་བསལ་གནམ་གྲུ་བརྒྱུད། ཆེད་དུ་བཞུགས་སྒར་རྡ་སར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་སོང་།

གྲོས་ཚོགས་འཐུས་མི་ཇེ་སཎ་སིམིཐ་ (Jason Smith) ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཀའ་དྲིར་ལན་འདེབས་གནང་སྐབས། ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུ་བྱུང་བ་དང་བཀའ་མོལ་ཞུ་རྒྱུ་བྱུང་བ་དེར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བགྲེས་པོར་ཕེབས་བཞིན་པའི་སྐབས་འདིར། ཨ་རིའི་ངོས་ནས་མུ་མཐུད་ལས་འགན་རྒྱུན་སྐྱོང་བྱ་རྒྱུ་གལ་ཆེ་ཞིང་། ང་ཚོའི་དབར་མཐུན་པའི་ཆ་མང་པོ་ཡོད། ཨ་རིའི་སྤྱི་མཐུན་ཚོགས་པ་དང་མང་གཙོ་ཚོགས་པའི་གཞུང་འཛིན་སུ་ཡིན་མིན་ལ་མ་ལྟོས་པར་ཚང་མས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གི་བོད་ཐོག་གི་དགོངས་གཞིར་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད། ཅེས་གསུངས་བྱུང་།

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་༧གོང་ས་མཆོག་གི་མཇལ་ཁར་ཆེད་བཅར་ཞུས། ༢༠༢༦།༡༠།༢༡
ཁྲལ་བསྡུ་དང་ཐབས་བྱུས་ཚོགས་ཆུང་གི་འཐུས་མིས་མཇལ་བཅར་ཞུས། ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་༧གོང་ས་མཆོག་གི་མཇལ་ཁར་ཆེད་བཅར་ཞུས། ༢༠༢༦།༡༠།༢༡ (OHHDL)

མཇལ་ཁའི་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་དུས་ཕན་ཚུན་རོགས་ཕན་བྱེད་རྒྱུ་ཧ་ཅང་གལ་ཆེ་ཞིང་། ངས་ཨ་རི་གཙོ་བོར་གྱུར་བའི་ནུབ་ཕྱོགས་རྒྱལ་ཁབ་ཚོས་ང་ཚོར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་མངགས་བརྗོད་དང་རྗེས་སུ་ཡིད་རངས་ཞུ་ཡི་ཡོད་ཅེས་གྲོས་ཚོགས་འཐུས་མི་རྣམས་ལ་བཀའ་བསྩལ་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཁྲལ་བསྡུ་དང་ཐབས་བྱུས་ཚོགས་ཆུང་གི་ཚོགས་གཙོ་ཇེ་སཎ་སིམིཐ་ (Jason Smith) ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འོག་མའི་འཐུས་མི་ལྔ་པོ་དེ་དག་ལས་གཅིག་མ་གཏོགས་གཞན་ཆ་ཚང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཡིན་འདུག་ཅིང་། བཞུགས་སྒར་རྡ་སར་བཅར་བའི་གྲོས་ཚོགས་འཐུས་མི་ཁོང་རྣམས་ནི། གྲོས་ཚོགས་འཐུས་མི་ཌེ་ཝིཌ་ ཤུཝེ་ཀརྚ་ (Rep.David Schweikert) ལགས་དང་། ཨེ་ལིས་ སཊེ་ཧྥེ་ནིཀ་ (Rep Elise Stefanik)། ཨེན་ཌི་ཨོ་གྷལསི་ (Rep. Andy Ogles)། ལའོ་རཱ་ ཧྥརེཌ་མན་ (Rep Laura Friedman) བཅས་ཡིན་པ་དང་། ཁོང་རྣམས་མཇལ་ཁ་གྲུབ་མ་ཐག་འཕྲལ་མར་བཞུགས་སྒར་རྡ་སའི་ཉེ་འདབས་སུ་ཆགས་པའི་གྷ་གྷལ་གནམ་ཐང་ནས་ཕེབས་ཐོན་གནང་སོང་།

རྩ་བའི་ཉེ་ལམ་ཟླ་ ༩ པའི་ཟླ་མཇུག་ཏུ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་བྷརཱ་ཡེན་མསཏི་ (Brian Mast) ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལར་ཆེད་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་ཡོད་ཅིང་། སྐབས་དེར་ཁོང་རྣམས་ནས་ཀྱང་ཨ་རིའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་ངེས་ཡིན་པ་ནན་བརྗོད་གནང་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

འབྲེལ་ཡོད་གནས་ཚུལ།

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པས་༧གོང་ས་མཆོག་གི་མཇལ་ཁ་ཞུས་པ།

ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་སྐུ་ཚབ་ཚོགས་པ་ཞིག་རྡ་སར་ཕེབས་པ།