བོད་ནང་དུ་ཕྱི་ནས་བོད་མི་སྐོར་སྐྱོད་ལ་གཏོང་རྒྱུའི་ལས་འཆར་འདི་རྒྱ་ནག་གིས་ཆབ་སྲིད་དྲིལ་བསྒྲགས་ཀྱི་བྱེད་སྒོ་དང་ལྟ་ཕྱོགས་ཀྱི་ཐོག་ནས་དབྱེ་སེལ་བྱེད་ཀྱི་ཡོད་པ་བོད་ནང་བསྐྱོད་མཁན་ཁག་ཅིག་གིས་བརྗོད་བྱུང་།
རྒྱ་ནག་གཞུང་གི་སྔོན་འགྲོའི་ཆ་རྐྱེན་འོག་བོད་ནང་བོད་མི་སྣེ་ཤེན་ཡུལ་སྐོར་དུ་ཁྲིད་དང་འཁྲིད་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༧ ལོར་ཡང་ཡུལ་སྐོར་བའི་ཚོ་ཁག་བོད་རང་སྐྱོང་ལྗོངས་སུ་འཁྲིད་རྒྱུའི་ Tibet Horizon འགྲིམས་འགྲུལ་ལས་ཁུངས་ཀྱིས་གསལ་བསྒྲགས་བྱེད་ཡོད་ལ། འདས་པའི་ལོ་མང་རིང་བོད་མི་ཚོ་བོད་ནང་བསྐྱོད་རྒྱུར་རྒྱ་ནག་གཞུང་གིས་བཀག་འགོག་དང་དམ་དྲག་བྱེད་ཀྱི་ཡོད་ཀྱང་། བོད་མི་ཉུང་ཤས་ཤིག་ལ་སྔོན་འགྲོའི་ཆ་རྐྱེན་སོགས་མང་དག་ཅིག་ལ་ཁས་ལེན་བྱེད་དུ་བཅུག་སྟེ་ཡུལ་སྐོར་དང་གཉེན་འཕྲད་དུ་གཏོང་གི་ཡོད་ཀྱང་། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་མང་པོ་ཞིག་གིས་དེ་རྩིས་ཀྱི་རྒྱ་ནག་གི་དྲིལ་བསྒྲགས་ཀྱི་ལག་ཆར་བེད་སྤྱོད་འགྲོ་བཞིན་ཡོད་པའི་སྐྱོན་བརྗོད་བྱེད་མཁན་ཡང་ཡོད་པ་མ་ཟད། རྡ་རམ་ས་ལར་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་ཀྱི་ལག་ཆར་བེད་སྤྱོད་འགྲོ་བཞིན་ཡོད་པའི་ཐད་ཐུགས་འཚབ་ཀྱི་གསལ་བསྒྲགས་གནང་པ་ཡང་བྱུང་ཡོད་པ་རེད།
བོད་ནང་བསྐྱོད་ཕྱོགས་ཐད་ལམ་སྟོན།
དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཕྱི་ལོ་ ༢༠༢༤ ཟླ་ ༡༠ པའི་ནང་བཙན་བྱོལ་བོད་མི་བོད་ནང་བསྐྱོད་ཕྱོགས་ཀྱི་དོན་ཚན་བདུན་ཅན་གྱི་གཞི་རིམ་ལམ་སྟོན་ཞིག་ཡོངས་ཁྱབ་ཕྱིར་བསྒྲགས་གནང་སྟེ། གཙོ་བོ་རྒྱ་ནག་གཞུང་གིས་བོད་ནས་ཕྱི་རྒྱལ་ཁག་དང་ཕྱི་རྒྱལ་ཁག་ནས་བོད་ནང་བསྐྱོད་མཁན་ཚང་མར་དགོས་མེད་འདྲི་རྩད་དང་མགོ་སྐོར་བསླུ་བྲིད་ཀྱི་ངན་བྱུས་སྣ་ཚོགས་རྒྱུན་ཆད་མེད་པར་བརྩམས་དང་རྩོམ་བཞིན་པའི་ཐོག རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བཙན་བྱོལ་བོད་མི་རྣམས་ལྟ་སྐོར་དང་གཉེན་འཕྲད། གནས་སྐོར་སོགས་ཀྱི་མིང་སྣ་ཚོགས་ལ་ཁ་གཡར་ནས་བོད་དུ་ཁྲིད་པ་དང་། བཙན་བྱོལ་བོད་མི་ཚོར་རྒྱལ་མཚམས་བརྒལ་ནས་གནོན་ཤུགས་ཇེ་མང་ཇེ་གསལ་དུ་འགྲོ་བཞིན་པར་བརྟེན་ནས་ཚང་མས་ཐུགས་སྣང་ཡིད་ཟབ་གནང་དགོས་ཞེས་སྐུལ་མ་གནང་ཡོད་པ་རེད།
བོད་ཀྱི་རྒྱལ་ས་ལྷ་སར་རྟེན་གཞི་བྱས་པའི་ (Tibet Horizon) ཞེས་པའི་ཡུལ་སྐོར་སྤྲོ་འཆམ་གྱི་འགྲིམས་འགྲུལ་སྡེ་ཚན་ཞིག་གིས། ཕྱི་ལོ་ ༢༠༢༧ ལོར་བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་འཁྲིད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་ཅིང་། ལས་གཞི་དེ་སྡེ་ཚན་གསུམ་དུ་ཆ་བགོས་བྱས་ཡོད་པ་སྟེ། བོད་དབུས་ཁུལ་དང་ཁྱད་པར་ལྷ་སའི་ནང་གི་ཡུལ་སྐོར་སྤྲོ་འཆམ་ནི་ལྷ་ས་གྲོང་ཁྱེར་དང་། ལྷ་ས་ནས་གངས་རིན་པོ་ཆེའི་གཞི་རྟེན་སྒར་བར་ཡར་འབྲོག་གཡུ་མཚོ་དང་། རྒྱལ་རྩེ། གཞིས་ཀ་རྩེ་བཅས་འཁྲིད་རྒྱུ་ཡིན་པ་གསལ་བསྒྲགས་བྱེད་བཞིན་ཡོད་པ་རེད། འོན་ཀྱང་བོད་མི་བརྒྱ་ཕྲག་གིས་བོད་ནང་བསྐྱོད་ཕྱོགས་ཀྱི་ཐོངས་མཆན་ཞུས་པའི་སྐབས་མང་ཆེ་བར་རྩད་ཞིབ་ཀྱིས་ཐོངས་མཆན་སྤྲོད་ཀྱི་མེད་པ་དང་ཁག་ཅིག་ལ་ཐོངས་མཆན་སྤྲད་པའམ་ཡང་ན་རྒྱ་ནག་གི་ཐོངས་མཆན་ལམ་ལུགས་དང་མཐུན་པའི་ཐོག་བོད་ནང་བསྐྱོད་སྐབས་འགོག་རྐྱེན་དུ་མ་འཕྲད་ཀྱི་ཡོད་པ་འགོག་རྐྱེན་འཕྲད་མྱོང་ཡོད་པའི་རང་གི་བདེ་འཇགས་དང་མ་འོངས་བོད་ནང་བསྐྱོད་རྒྱུར་རེ་སྒུག་བྱེད་མཁན་གྱི་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
ཉེ་ལམ་བོད་ནང་ཡོ་རོབ་ཁུལ་ནས་བསྐྱོད་པའི་བདེ་འཇགས་ཆེད་ཡོངས་ཁྱབ་མཚན་འདོན་གནང་འདོད་མེད་པའི་བོད་མི་ཞིག་གིས། ཁོང་དང་འབྲེལ་ཡོད་ནང་མིར་རྒྱ་ནག་འབྲེལ་ཡོད་ལས་བྱེད་ཀྱིས་གནམ་ཐང་དུ་ཆུ་ཚོད་ ༡༢ འདྲི་རྩད་བཀག་ཉར་བྱས་ཤིང་། དུས་ཡུན་དེའི་རིང་ལས་བྱེད་ ༡༢ ཙམ་རེ་མོས་ཀྱིས་ཡོང་སྟེ། གཙོ་བོ་རྒྱ་གར་དུ་འགྲོ་མྱོང་ཡོད་མེད་ཡང་ཡང་དྲིས་ཡོད་པ་གསུངས་བྱུང་ལ། བོད་ནང་དུ་བསླེབས་སྐབས་སུའང་ལྟ་སྲུང་དམ་པོའི་འོག་བཞག་སྟེ། གང་བྱུང་འབྲེལ་འདྲིས་བྱེད་རྒྱུར་དཀའ་ལས་ཁག་པོ་བཟོ་གི་ཡོད་པ་བརྗོད་བྱུང་ལ། བོད་ནང་བསྐྱོད་སྐབས་བོད་མི་ཉུང་ཤས་་དང་འབྲེལ་བ་བྱུང་པའི་སྐབས། བོད་ནང་གི་བོད་མི་ཚོས་ “༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་སྲིད་པའི་སེམས་འཚབ་གནང་གི་འདུག་“ ཅེས་གསུངས་བྱུང་།
མ་ཟད་བོད་མི་དེས་མུ་མཐུད་བརྗོད་པར། འདི་ལོའི་ཟླ་ ༧ པའི་ནང་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བྱས་པའི་རྗེས་སུ་བོད་ནང་བསྐྱོད་འདོད་པའི་བོད་མི་མང་པོ་ཞིག་གནམ་ཐང་ནས་ཕྱིར་སློག་བྱས་ཡོད་པ་ཡང་བྱུང་ཡོད་པ་གསུང་གི་འདུག
བོད་ནང་བསྐྱོད་མཁན་གྱི་མི་སྣར་འགོག་རྐྱེན།
ཡང་བོད་ནང་གི་སྤུན་མཆེད་ཚོའི་བདེ་འཇགས་ཆེད་རང་ཉིད་ངོ་སྤྲོད་གནང་འདོད་མེད་པའི་བོད་ནང་གཉེན་འཕྲད་དུ་བསྐྱོད་མྱོང་བའི་བོད་མི་གཞན་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན་དུ། “རྒྱ་ནག་གཞུང་གིས་གནམ་ཐང་དུ་འདྲི་རྩད་སྐབས་སུ་གཙོ་བོ། ༧གོང་ས་མཆོག་མཇལ་མྱོང་ཡོད་མེད་དང་། ད་བར་སྐད་འབོད་སོགས་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་མེད་དྲིས་བྱུང་ལ། བོད་ནང་ཡོད་པའི་སྐབས་སུ་འབྲེལ་ཡོད་ནང་མི་དང་རང་དབང་ལྡན་པའི་ཐོག་སྐད་ཆ་བཤད་མི་ཐུབ་པར། ལྟ་སྲུང་ནན་པོའི་འོག་བཞག་ཡོད་ཅིང་། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་ཡུལ་གྱི་ས་ཚིགས་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་པ་ཡིན་ཁུལ་གྱིས་རྒྱ་གཞུང་གི་ལྟ་སྲུང་བ་ཚོས་ཁུག་མའི་ནང་བརྡ་ལན་ཕར་སྤྲོད་ཚུར་ལེན་སྟབས་བདེའི་ངང་བྱེད་ཐུབ་པའི་ (walkie talkie) འཁྱེར་ཡོད་མཁན་ཡང་མང་པོ་མཐོང་བྱུང་“ ཞེས་གསུངས་བྱུང་། ཡང་སྐབས་རེ་འདྲི་རྩད་རྗེས་གནམ་ཐང་ནས་ཕྱིར་བསློག་བྱས་ཚེ་བོད་ནང་དུ་ཡོད་པའི་འབྲེལ་ཡོད་ནང་མིར་ཡང་འབོད་སྒུག་དང་ལས་ཀ་འཕྲོག་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་འདུག་ཅེས་རྒྱུས་ལོན་བྱུང་སྐོར་ངོ་སྤྲོད་གནང་བྱུང་།
རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་རིང་ཞིབ་བཤེར་ནན་པོ་བྱས་པའི་འོག་བོད་ནང་སྣེ་ཤེན་བྱེད་མཁན་གྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཁག་ཅིག་གིས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་བར་སྣེ་ལེན་བྱེད་ཀྱི་ཡོད་ཅིང་། དེའི་བརྒྱུད་རིམ་ནང་འབྲུག་ནས་གནས་སྐོར་ལ་སྐྱོད་མཁན་མང་དག་ཅིག་ཡོད་པ་དང་། ནུབ་ཕྱོགས་ཡུལ་གྲུ་ཁག་གི་ཡུལ་སྐོར་བ་རྣམས་བོད་རང་སྐྱོང་ལྗོངས་ནང་གི་ས་གནས་ཁག་ཏུ་ཁྲིད་བཞིན་ཡོད་པ་ཤེས་རྟོགས་བྱུང་།
སྔ་ལོར་མཚོན་ན་བོད་མི་བོད་ནང་བསྐྱོད་མཁན་ལ་ཐོངས་མཆན་ཡོད་ཀྱང་རྒྱ་ནག་གི་གནམ་ཐང་འགག་སྒོ་ནས་རྒྱ་ནག་ནང་དུ་འཛུལ་མི་བཅུག་པར་འདྲི་རྩད་ནན་པོ་བྱས་ཏེ་ཕྱིར་ལོག་བྱས་པའི་གནས་ཚུལ་ཐེངས་ཁ་ཤས་བྱུང་ཡོད་པ་ཤེས་རྟོགས་བྱུང་།
(Tibet Horizon) འགྲིམ་འགྲུལ་ལས་ཁུངས་ཀྱིས་ཡུལ་བསྐོར་བ་བོད་ནང་བསྐྱོད་རྒྱུར་ཐོ་འགོད་བྱེད་པའི་སྐབས། ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་ནང་མ་འཛུལ་གོང་དགོས་ངེས་ཀྱི་ཡིག་ཆ་གྲ་སྒྲིག་དགོས་པ་ལས་ཁུངས་དེའི་དྲ་རྒྱའི་ཐོག་གསལ་བསྒྲགས་བྱས་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ (Tibet Horizon) ལ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་འཆར་དེ་དང་དེའི་དགོས་མཁོའི་ཆ་རྐྱེན་སོགས་ཀྱི་སྐོར་ཡིག་ཐོག་ནས་བཀའ་འདྲི་ཞུས་ཡོད་ཀྱང་། ད་བར་ལན་འདེབས་གང་ཡང་འབྱོར་མ་བྱུང་།
“མགོ་སྐོར་གཏོང་བྱེད་ཀྱི་སྲིད་བྱུས་ཁོ་ན་ཡིན་པ།”
རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞི་དེ་དག་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་བྱེད་ཀྱི་སྲིད་བྱུས་ཁོ་ན་ཡིན་པ་གནད་དོན་དབྱེ་ཞིབ་པས་གསུང་གི་འདུག
དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Centre for Joint Warfare Studies) ནང་གི་བོད་དང་རྒྱ་ནག་ཐོག་གི་ཉམས་ཞིབ་ཚན་པའི་འགན་འཛིན་ (Abhigya Langeh) ལགས་ཀྱིས། ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞི་དེ་རིགས་ནི་རྒྱ་ནག་གཞུང་གིས་བོད་ནང་དུ་སྤེལ་བའི་འཛུགས་སྐྲུན་དེ་དག་ལག་ཆར་བེད་སྤྱད་དེ། རང་ཉིད་ཀྱི་བཤད་འདོད་པའི་བོད་ནང་གི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་རྒྱལ་སྤྱིའི་ཁྲོད་བསྐྲུན་ཆེད་དུ་ཡིན་ཞིང་། དྲི་བ་ཆེ་ཤོས་ནི། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་སྟངས་འཛིན་དང་བཀག་སྡོམ་མེད་པའི་ཐོག་ནས། ས་གནས་བོད་མི་དང་འབྲེལ་འདྲིས་དང་། ས་གནས་ཀྱི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཀྱི་རང་དབང་ཇི་ཙམ་ཡོད་མེད་དེ་རེད། ལས་གཞི་དེ་རིགས་ནི་ཡུལ་སྐོར་ཙམ་མིན་པར་རྒྱལ་སྤྱིའི་བསམ་བློར་ཤུགས་རྐྱེན་དང་བོད་ནང་རྒྱ་ནག་གི་དབང་བསྒྱུར་རིང་ལུགས་དེ་ཁྲིམས་མཐུན་བཟོ་རྒྱུར་ཤུགས་རྐྱེན་སྤྲོད་ཆེད་དུ་ཡིན་ངེས་རེད། ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་གི་འདུག
ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་གནས་སྟངས་དེ་བཞིན་གཞུང་འབྲེལ་གྱི་བརྙན་འཕྲིན་དང་ཚགས་པར་སོགས་ཆ་ཚང་ནང་ཁྱབ་བསྒྲགས་བྱེད་བཞིན་ཡོད་ཀྱང་། དེ་ཁོ་ནས་མི་འགྲིག་པར་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞི་དེ་རིགས་བརྒྱུད། བོད་ནང་གི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ཀྱི་རྣམ་པ་གསལ་སྟོན་དང་། ལྷག་པར་དུ་ཡུལ་སྐོར་སྤྲོ་འཆམ་དེའི་སྐབས་བོད་ཀྱི་རང་འབྱུང་ཁོར་ཡུག་ལྟ་སྐོར་སོགས་སུ་ཁྲིད་དེ། བོད་ཀྱི་ཁོར་ཡུག་གི་ཐད་རྒྱལ་སྤྱིའི་ཁྲོད་གླེང་སློང་བྱུང་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་ཁྱབ་བསྒྲགས་བྱ་རྒྱུར་དམིགས་པ་ཞིག་རེད། ཅེས་གསུང་གི་འདུག
ཡང་ཨིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་ (Tibet Watch) གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། གཙོ་བོ་འདས་པའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་བོད་དང་གྲངས་ཉུང་མི་རིགས་ཐོག་སྤེལ་བཞིན་པའི་སྲིད་བྱུས་ལ། མི་རིགས་དེ་དག་ཙམ་དུ་མ་ཟད་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ཤེས་ལྡན་པ་རྣམས་ཀྱིས་རྒྱལ་སྤྱིའི་ཁྲོད་བསམ་ཚུལ་ཤུགས་ཆེ་བཏོན་བཞིན་པར། དེར་རྒྱ་ནག་གཞུང་འུ་ཐུག་ཐབས་ཟད་དེ། རྒྱལ་སྤྱིའི་མི་དམངས་ལ་མགོ་སྐོར་དང་མགོ་རྨོངས་བཅུག་ཆེད་ཀྱི་འཆར་གཞི་ཞིག་ཡིན་པ་གསུང་གི་འདུག
རྒྱ་གར་དང་བལ་ཡུལ་ཕྱི་ཕྱོགས་ནས་བོད་ནང་འགྲུལ་བཞུད།
རྩ་བའི་ཨ་རི་དང་ཡོ་རོབ་ནང་མཚོན་ན། བོད་མི་མང་པོ་རང་ཉིད་གནས་ཡུལ་རྒྱལ་ཁབ་ཀྱི་མི་སེར་ཆགས་ཀྱང་། རྒྱ་ནག་གི་གཞུང་ཚབ་ནས་ཐོངས་མཆན་ཞུས་དུས་ཐོངས་མཆན་སྤྲོད་ཀྱི་མེད་པ་དང་། ཨ་རི་སོགས་རྒྱལ་ཁབ་མང་པོའི་དཔོན་རིགས་དང་གྲོས་ཚོགས་འཐུས་མིས་བོད་མིར་ཐོངས་མཆན་སྤྲོད་དགོས་པ་བརྗོད་ཀྱི་ཡོད་ལ། ཨ་རིས་ ༢༠༡༨ ལོར་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གཏན་འབེབས་བྱས་ཏེ་ཁྲིམས་ཐོག་ནས་བོད་ནང་འགྲོ་འོང་ལ་འགོག་རྐྱེན་གྱི་གནས་སྟངས་ཤེས་རྟོགས་ཡོང་གི་ཡོད་པ་དང་། ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱིས་ཆོག་མཆན་ཡོད་པའི་འོག་གཏན་འཁེལ་བྱས་པའི་བོད་ནང་གི་ཡུལ་སྐོར་ལས་ཁུངས་དང་བཙན་བྱོལ་ནང་དཔེ་ན་ཨ་རིའི་ནིའུ་ཡོག་དང་། ཡོ་རོབ། བལ་ཡུལ་སོགས་ནས་བོད་མི་སྒེར་རེ་གཉིས་ཀྱིས་འགན་འཁུར་སྣེ་ཁྲིད་བྱེད་དེ་ལོ་ལྟར་དབྱར་དུས་སུ་བོད་ཀྱི་ས་ཁུལ་ཁ་ཤས་ནང་གཟའ་འཁོར་ཁ་ཤས་རིང་ཡུལ་སྐོར་ལ་ཁྲིད་བཞིན་ཡོད་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། ལས་དོན་འདི་ནི་ཐད་ཀར་བོད་ནང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་འབྲེལ་བ་ཡོད་པ་བརྗོད་མཁན་བྱུང་།།
ཁ་སྣོན་གསར་འགོད། བཀྲ་དབང་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
