༡༩༦༦ ལོར་གཏོར་བཤིག་ཚབས་ཆེན་ཕོག་པའི་ལྷ་ལྡན་གཙུག་ལག་ཁང་ལ་ལོ་གཉིས་ཀྱི་རྗེས་སུ་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་གཞན་ཞིག་བྱུང་ཡོད། དེ་ཡང་ཕྱི་ལོ་ ༡༩༦༨ ཟླ་ ༦ ཚེས་ ༧ ཉིན་རྒྱ་ནག་གི་བཅིངས་འགྲོལ་དམག་མིས་མེ་མདའ་བརྒྱབ་ནས་གཙུག་ལག་ཁང་དང་དེའི་ཉེ་འཁོར་དུ་བོད་མི་ ༡༢ བསད་ཡོད་པའི་གནས་ཚུལ་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་ཞིབ་འཇུག་གི་གྲུབ་དོན་ནང་བཀོད་ཡོད། བོད་མི་དེ་རྣམས་ནི་སྐབས་དེའི་ “གྱེན་ལོག་ཤོག་ཁག་” གི་དམར་སྲུང་དམག་ཡིན་པ་དང་། གསར་བརྗེའི་ནང་མཉམ་ཞུགས་བྱེད་མཁན་གྱི་མི་རྣམས་གང་འདྲ་བྱས་ཏེ་རྒྱ་ནག་གི་བཅིངས་འགྲོལ་དམག་གི་མེ་མདའི་དམིགས་འབེན་དུ་གྱུར་བ་རེད། དེའི་སྐོར་ཤེས་པར་སྐབས་དེ་དུས་ཀྱི་ཤོག་ཁག་གི་འཐབ་རྩོད་ལ་བལྟ་དགོས་ཀྱི་ཡོད།
རིག་གནས་གསར་བརྗེ་འགོ་བཙུགས་པའི་རྗེས་སུ་ལྷ་སར་“མཉམ་འབྲེལ་”དང་ “གྱེན་ལོག་” གི་ཤོག་ཁག་ཆེ་བ་གཉིས་བྱུང་ཡོད། ཤོག་ཁག་གཉིས་ཀའི་ནང་སློབ་མ་དང་ལས་བྱེད་པ། བཟོ་པ། གྲོང་མི་བཅས་ཡོད་ཅིང་། བོད་མི་དང་རྒྱ་མི་གཉིས་ཀ་ཚུད་ཡོད། ཤོག་ཁག་གཅིག་གིས་སྐབས་དེའི་བོད་ནང་གི་དམག་སྲིད་འགོ་ཁྲིད་ཀྲང་གོ་ཧྭ་ལ་ངོ་རྒོལ་བྱས་པ་དང་། གཞན་དེས་ཁོ་པར་སྲུང་སྐྱོབ་བྱས་ཡོད། དམག་དཔུང་ནང་དུ་ཡང་ཤོག་ཁག་སོ་སོར་རྒྱབ་སྐྱོར་བྱེད་མཁན་ཡོད་པས། ༡༩༦༧ ལོའི་ཕྱི་ཟླ་ལྔ་པ་ནས་ཤོག་ཁག་གཉིས་ཀྱི་བར་ལ་དྲག་པོའི་འཐབ་རྩོད་འགོ་བཙུགས་ཡོད།

སྐབས་དེར་གཙུག་ལག་ཁང་གི་ཐོག་བརྩེགས་གསུམ་པར་གྱེན་ལོག་ཤོག་ཁག་གི་རྒྱང་བསྒྲགས་ས་ཚིགས་བཙུགས་ཡོད། དེ་ནས་ཤོག་ཁག་གི་དྲིལ་བསྒྲགས་བྱས་ཤིང་། རྒྱང་བསྒྲགས་བཤད་མཁན་དང་ལས་བྱེད་མི་ཉི་ཤུ་ཙམ་ཞིག་གཙུག་ལག་ཁང་ནང་བསྡད་ཡོད། ༡༩༦༨ ལོའི་ཟླ་ ༦ ཚེས་ ༧ ཉིན་མཉམ་འབྲེལ་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་བཅིངས་འགྲོལ་དམག་མིས་ས་ཚིགས་དེར་མེ་མདའ་བརྒྱབ་ཡོད། འོད་ཟེར་ལགས་ཀྱིས་བཅའ་འདྲི་གནང་བའི་རྨས་མ་ཞིག་གི་བཟའ་ཟླས་ཁོང་གི་བཟའ་ཟླ་རླུང་འཕྲིན་གྱི་གསར་འགྱུར་བཤད་མཁན་ཡིན་པ་དང་། དེ་ཉིན་ལག་འབོམ་བཞུས་ནས་རྐང་པར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དྲན་གསོ་གནང་ཡོད།
དོན་རྐྱེན་དེའི་ནང་བསད་པའི་བོད་མི་ ༡༢ ཡོད་པ་རྣམས་ནི་ལོ་ན་ ༡༧ ནས་ ༣༦ བར་ཡིན་པ་བཀོད་འདུག ཁོང་ཚོ་ཐོག་མར་གསར་བརྗེའི་དཔའ་བོར་བརྩིས་ཏེ་དུར་སར་སྦས་ཡོད་ན་ཡང་རྗེས་སུ་ཆབ་སྲིད་ཀྱི་ལྟ་བར་འགྱུར་བ་ཕྱིན་ནས་དུར་ས་བསྔོགས་ཏེ་ཕུང་པོ་ཕྱིར་བཏོན་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། སྐབས་དེ་དུས་མི་ཞིག་ལ་དཔའ་བོ་དང་ཡང་ན་དགྲ་བོའི་མིང་ཇི་ལྟར་བཏགས་མིན་ཡང་ཤོག་ཁག་གི་དབང་ཆའི་འགྱུར་ལྡོག་དང་མཉམ་དུ་སྒྱུར་གྱི་ཡོད།

དྲག་པོའི་འཐབ་རྩོད་དེ་ལྷ་སར་བྱུང་བ་མ་ཟད། ད་དུང་གྲོང་གསེབ་ཁག་ཏུ་ཡང་ཤོག་ཁག་གི་འགལ་ཟླ་དང་། གཞུང་གི་ལས་འགུལ་ལ་མི་དམངས་ཀྱི་མི་འདོད་པའི་རྣམ་པ་བཅས་འདྲེས་ནས་དོན་རྐྱེན་ཆེན་པོ་གཞན་ཡང་བྱུང་ཡོད་པ་དཔེར་ན། ༡༩༦༩ ལོའི་སྙེ་མོའི་དོན་རྐྱེན་ནི་མངོན་གསལ་དོད་པོའི་རྣམ་པ་ཆགས་ཡོད་པ་དང་། སྙེ་མོའི་ཨ་ནི་ཞེས་གྲགས་པའི་འཕྲིན་ལས་ཆོས་སྒྲོན་ནི་དོན་རྐྱེན་དེའི་ནང་མི་སྣ་གཙོ་བོ་འདི་ཆགས་ཡོད། ཆོས་ལ་དད་པ་བྱེད་པའི་དབང་གིས་དེའི་སྐབས་ཤོག་ཁག་གི་ལས་འགུལ་དང་འབྲེལ་བ་ཆགས་ཤིང་། ཨ་ནི་འཕྲིན་ལས་ཆོས་སྒྲོན་གྱི་རྗེས་འབྲང་པ་ཚོས་གཞུང་གི་ལས་བྱེད་པ་དང་། དམག་མི། ཡུལ་མི་བཅས་ལ་འཐབ་རྩོད་ངོ་རྒོལ་བྱས་ནས་མི་ཤི་རྨས་ཀྱི་གནས་ཚུལ་བྱུང་ཡོད། འོན་ཀྱང་སྙེ་མོའི་དོན་རྐྱེན་གྱི་རང་བཞིན་ལ་ཞིབ་འཇུག་པ་ཚོའི་འགྲེལ་བཤད་གཅིག་མཚུངས་མེད། དེ་ཡང་ཁག་ཅིག་གིས་ཤོག་ཁག་གི་འཐབ་རྩོད་གཙོ་བོར་བརྩིས་ཡོད། འོད་ཟེར་ལགས་ཀྱིས་བཀོད་པའི་ལོ་རྒྱུས་ཀྱི་དཔང་པོའི་དྲན་ཐོའི་ནང་དུ། ལས་འགུལ་དེ་རིམ་བཞིན་རང་དབང་དང་བོད་མིའི་རེ་འདུན་དང་འབྲེལ་བའི་ངོ་རྒོལ་དུ་གྱུར་ཡོད་པ་བརྗོད་འདུག
རྗེས་སུ་བཅིངས་འགྲོལ་དམག་སྙེ་མོར་འབྱོར་ནས་ལས་འགུལ་ལ་དྲག་གནོན་བྱས་པ་དང་། ཡུལ་མི་ཚོ་བསྐོངས་ནས་འདྲི་རྩད། དགག་པ་འཐབ་འཛིང་། འཛིན་བཟུང་བཅས་བྱས་ཡོད་པ་བརྗོད་འདུག ཡང་འཛིན་བཟུང་བྱས་པའི་མི་ཁག་ཅིག་ས་གནས་སུ་བཀག་ཉར་བྱས་ཤིང་། ཁག་ཅིག་ལྷ་སར་ཁྲིད་ཡོད།
དུས་ཚོད་དེ་རང་ལ་ཁམས་དཔལ་འབར་ཁུལ་དུ་ཡང་འཐབ་རྩོད་དང་བཅིངས་འགྲོལ་དམག་གི་དྲག་གནོན་བྱས་ཡོད་པས། འོད་ཟེར་ལགས་ཀྱིས་དཔལ་འབར་གྱི་དོན་རྐྱེན་ལ་རྗེས་སུ་ཞིབ་འཇུག་བྱེད་མཁན་ལས་བྱེད་པ་ཞིག་ལ་བཅའ་འདྲི་གནང་ཡོད། ཁོང་གིས་ས་གནས་ཁག་ཏུ་ལས་བྱེད་པར་འཐབ་རྒོལ་དང་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་ཡོད་པ་བརྗོད་པ་དང་དྲག་གནོན་ནང་ཤོག་ཁག་གི་དགྲ་ལན་སློག་པའི་གནས་ཚུལ་ཡང་ཚུད་ཡོད། ལོ་རྒྱུས་ཀྱི་དཔང་པོའི་དྲན་ཐོའི་ནང་ ༡༩༧༣ ལོར་དཔལ་འབར་གྱི་གྲོང་གསེབ་ཏུ་སླེབས་སྐབས་ཚོགས་འདུར་ཡོང་མཁན་གཙོ་བོ་བུད་མེད་ཡིན་པ་དང་། སྐྱེས་པ་དར་མ་ཧ་ཅང་ཉུང་ཉུང་ལས་མཐོང་རྒྱུ་མེད་ཅིང་། དེའི་རྒྱུ་མཚན་ནི་མི་ཁག་ཅིག་བསད་པ་དང་ཁག་ཅིག་བཙོན་དུ་བཅུག་པས་ཡིན་པ་བརྗོད་ཡོད།

དོན་རྐྱེན་འདི་གཉིས་ལ་བཅིངས་འགྲོལ་དམག་གིས་དྲག་གནོན་བྱས་པའི་རྗེས་སུ་འཛིན་བཟུང་དང་ཁྲིམས་གཅོད་མུ་མཐུད་བྱས་ཡོད། འོད་ཟེར་ལགས་ཀྱི་ཞིབ་འཇུག་ནང་། ༡༩༧༠ ལོའི་ཟླ་བ་གཉིས་པ་ཙམ་ལ་སྙེ་མོའི་ཨ་ནི་འཕྲིན་ལས་ཆོས་སྒྲོན་ལྷ་སའི་མི་དམངས་ལུས་རྩལ་ཐང་ལ་མང་ཚོགས་མདུན་དུ་ཁྲིམས་གཅོད་བྱས་པ་དང་། དེ་རྗེས་བོད་མི་གཞན་ ༡༧ དང་མཉམ་དུ་ལྷ་སའི་བྱང་ངོས་བྱེ་རག་ཆུ་བོའི་གསོད་རར་ཁྲིད་ནས་མེ་མདའ་བརྒྱབ་སྟེ་བསད་ཡོད། ཁྲིམས་གཅོད་འདི་རྣམས་མང་ཚོགས་བསྐོངས་ནས་ཁྲིམས་ཐག་བཅད་པ་དང་། སྲོག་ཁྲིམས་ཀྱི་བརྡ་ཁྱབ་སྦྱར་བ། ཁྲིམས་གཅོད་ཕོག་མཁན་ཚོ་ཁྲོམ་སྐོར་དུ་ཁྲིད་པ། ནང་མི་ཚོ་ཚོགས་འདུའི་མདུན་གྲལ་དུ་ལངས་སུ་བཅུག་པ་སོགས་བྱས་ཡོད་པ་འོད་ཟེར་ལགས་ཀྱིས་བཀོད་ཡོད། འདི་ནི་སྲོག་ཐོག་བཏང་བ་གཅིག་པུ་མ་ཡིན་པར། གསོན་པོར་ལུས་པའི་ནང་མི་དང་མང་ཚོགས་ལའང་འཇིགས་སྐུལ་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད། ལྷ་ལྡན་གཙུག་ལག་ཁང་དང་། སྙེ་མོ། དཔལ་འབར་བཅས་ཀྱི་དོན་རྐྱེན་འདི་གསུམ་གྱི་ཐོག་རྒྱབ་ལྗོངས་དང་འཕེལ་རིམ་མི་འདྲ་བ་ཡོད། ལྷ་ལྡན་གཙུག་ལག་ཁང་དུ་ཤོག་ཁག་གི་འཐབ་རྩོད་ནང་བཅིངས་འགྲོལ་དམག་གིས་མེ་མདའ་བརྒྱབ་ཡོད། ཡང་སྙེ་མོ་དང་དཔལ་འབར་དུ། ཤོག་ཁག་གི་འགལ་ཟླ་དང་། ཆོས་དད། གཞུང་ལ་ངོ་རྒོལ་བཅས་འདྲེས་པའི་གནས་སྟངས་ཤིག་ཀྱང་བྱུང་ཡོད།
རིག་གནས་གསར་བརྗེའི་ལོ་རྒྱུས་འདིར་ཕྱིར་དྲན་བྱེད་པ་ནི། ལོ་ཚིགས་དང་དོན་རྐྱེན་གྱི་མིང་ཙམ་བརྗོད་པ་མིན་པར། དེའི་སྐབས་གཏོར་བཤིག་ཕོག་པ་དང་སྲོག་ཤོར་བའི་མི་རྣམས་སུ་ཡིན་པ་དང་། ཁོང་ཚོའི་ཁྲོད་གང་བྱུང་བ། དོན་རྐྱེན་དེ་ཚོའི་འགན་འཁྲི་སུ་ལ་ཡོད་པ་བཅས་འཚོལ་ཞིབ་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་ཆགས་ཀྱི་ཡོད། གཏོར་བཤིག་དང་དྲག་གནོན་དེ་ཚོའི་རྗེས་སུ་བོད་མིའི་འཚོ་བ་དང་རིག་གཞུང་ལ་གྱོང་གུན་གང་འདྲ་ཕོག་ཡོད། བོད་ཀྱི་ཤེས་ཡོན་དང་སྲོལ་རྒྱུན་མི་རབས་ནས་མི་རབས་སུ་བརྒྱུད་པར་བར་ཆད་གང་འདྲ་བྱུང་ཡོད། རྒྱ་ནག་གི་ཆབ་སྲིད་ཀྱི་ལས་འགུལ་འདིའི་འོག་བོད་མི་དཀྱུས་མའི་འཚོ་བར་འགྱུར་བ་གང་བྱུང་ཡོད།
རིག་གནས་གསར་བརྗེ་འགོ་བཙུགས་པ་ནས་ད་ལྟ་བར་མཚོན་ན། སྐབས་དེའི་གནོད་འཚེས་ཁྱིམ་ཚང་དང་། སྤྱི་ཚོགས་ལ་བཞག་པའི་རྨ་ཁ། རིག་གཞུང་སླར་གསོའི་འབད་བརྩོན། དེ་བཞིན་སྐབས་དེ་དང་ད་ལྟའི་བོད་ནང་གི་ཆོས་དད་དང་རིག་གཞུང་ལ་དབང་སྒྱུར་བྱེད་སྟངས་ཀྱི་ཁྱད་པར་བཅས་ལེ་ཚན་བཞི་པའི་ནང་ངོ་སྤྲོད་ཞུ་རྒྱུ་ཡིན།།
འབྲེལ་ཡོད་གནས་ཚུལ།
ལེའུ་གཉིས་པ། རིག་གནས་གསར་བརྗེའི་སྐབས་ཀྱི་བོད་དང་བོད་མི།
ལེའུ་དང་པོ། རིག་གནས་གསར་བརྗེའི་དམར་པོའི་རླུང་འཚུབ་བོད་ནང་ཇི་ལྟར་འགོ་བཙུགས་པ།
