བོད་ནང་གི་དགོན་པ་ཆེ་གྲས་རྫ་སེར་ཤུལ་དགོན་དུ་རྒྱ་ནག་གཞུང་གིས་དགོན་པའི་དགེ་འདུན་པ་ཉུང་དུ་གཏོང་རྒྱུ་དང་གྲྭ་ཤག་༢༠༠ ཙམ་གཏོར་བཤིག་གཏོང་བའི་གནས་ཚུལ་ཐད་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལན་འདེབས་གནང་པའི་ནང་། ཨ་རིས་རྒྱ་ནག་ལ་བོད་ཀྱི་ཆོས་ལུགས་དང་འབྲེལ་བའི་འཚོ་བ་ལ་ཐེ་གཏོགས་བྱེད་རྒྱུ་མཚམས་འཇོག་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་པ་བརྗོད་ཅིང་། བྱ་སྤྱོད་དེས་རྒྱ་ནག་གཞུང་གིས་ཆོས་ཕྱོགས་ཀྱི་ཚོགས་སྡེ་དང་ཆོས་ལུགས་ཀྱི་ཤེས་ཡོན་སྡེ་ཁག དེ་བཞིན་དགོན་པའི་ནང་གི་འཚོ་བ་ལ་གཞུང་གི་སྟངས་འཛིན་འོག་ཏུ་འཇུག་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་མངོན་གསལ་ཡིན་པ་ཕྱི་ཟླ་ ༡༠ ཚེས་ ༢༩ བརྗོད་བྱུང་།
ད་དུང་མགྲིན་ཚབ་པས་རྒྱ་ནག་གཞུང་གིས་རྫ་སེར་ཤུལ་དགོན་པའི་དགེ་འདུན་པའི་སྡོད་ཁང་གཏོར་བརླག་བཏང་ནས་དགེ་འདུན་པའི་གྲངས་འབོར་ལ་ཚད་བཀག་གཏོང་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་དེར་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་དང་ཆོས་ལུགས་དང་རིག་གཞུང་གི་ངོ་བོ་མི་འདྲ་བ་དེ་དག་སྲུང་སྐྱོབ་བྱེད་པའི་འབད་བརྩོན་བྱེད་རྒྱུར་ཨ་རིས་རྒྱབ་སྐྱོར་གནང་གི་ཡོད་པ་དང་། བོད་རིགས་ནང་པ་ཚོར་གཞུང་གི་ཐེ་གཏོགས་མེད་པར་རང་དབང་གི་ཐོག་ནས་སོ་སོའི་ཆོས་དད་ཉམས་ལེན་བྱེད་རྒྱུའི་ཐོབ་ཐང་དགོས་པ་དང་། ཆོས་ཕྱོགས་ཀྱི་དབུ་ཁྲིད་ལ་སློབ་གསོ་དང་༧གོང་ས་ཏཱ་ལའི་བླ་མ་དང་༧པཎ་ཆེན་རིན་པོ་ཆེ་གཙོས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་འདེམས་སྒྲུག་བྱ་རྒྱུའི་ཐོབ་ཐང་ལྡན་དགོས་ཞེས་བརྗོད་འདུག

བོད་ནང་གི་དགོན་པ་ཆེ་གྲས་རྫ་སེར་ཤུལ་དགོན་དུ་རྒྱ་ནག་གཞུང་གིས་བཅོས་སྒྲིག་ལས་འགུལ་ཞིག་སྤེལ་འགོ་བཙུགས་ཡོད་པ་དང་། དེའི་ནང་དགོན་པའི་དགེ་འདུན་པ་ཉུང་དུ་གཏོང་རྒྱུ་དང་གྲྭ་ཤག་བཤིག་རྒྱུ་ཡིན་སྐོར་བོད་ནས་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་བོད་མི་ཁག་ཅིག་གིས་བརྗོད་བྱུང་ལ། སེར་ཤུལ་རྫོང་གི་མི་རིགས་ཆོས་དོན་ལས་ཁུངས་ནས་ཀྱང་དགོན་སྡེའི་དོ་དམ་ནན་དུ་གཏོང་རྒྱུའི་ཚོགས་འདུ་དང་གསལ་བསྒྲགས་སྤེལ་ཡོད་འདུག
དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནང་གི་བོད་མིས་བརྗོད་པར། བོད་ཀྱི་དགོན་པ་ཆེ་གྲས་རྫ་སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་དགོན་པར་རྒྱ་ནག་གཞུང་གིས་ཕྱི་ཟླ་ ༡༠ ཚེས་ ༢༥ དང་ཚེས་ ༢༦ ལ་གྲྭ་ཤག་ཕལ་ཆེར་ ༢༠༠ ཙམ་ཞིག་བཤིག་བཞིན་ཡོད་པ་དང་། ངོ་མ་ཚར་སོང། ངོ་མ་ཚར་སོང་ཞེས་བརྗོད་བྱུང་ལ། ཁོང་གིས་མུ་མཐུད་གསུངས་པར། གྲྭ་ཤག་མང་པོ་དེ་འདྲ་བཤིག་པའི་སྟེང་ལ་ད་དུང་གྲ་རྒྱུན་ཚོ་སྡོད་མི་ཆོག་པའི་འཆར་གཞི་བཟོས་ནས་ད་ལྟ་ཚོགས་འདུ་ཚོགས་བཞིན་ཡོད། ད་དུང་ཡུལ་ཤུལ་ཁུལ་ལ་ཡང་གྲྭ་པ་ལོ་ ༡༨ མན་ཆད་སློབ་གྲྭ་ལ་གཏོང་དགོས་པ་ཚོ་སློབ་གྲྭར་གཏོང་བ་དང་། དེས་མིན་ན་ཕྱི་ལ་སྡོད་བཅུག་ནས་དགོན་པའི་ནང་ཡོང་བཅུག་གི་མི་འདུག ངོ་མ་ཚར་སོང་། ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ་ལ་སོགས་པ་མེད་པ་བཟོ་འགྲོ་གིན་འདུག ཡིད་སྐྱོ་པོ་རེད་འདུག་ཅེས་གསུངས་ཡོད།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དགོན་པ་གཏོར་བཤིག་གཏོང་བའི་ཐད་སྐྱོན་བརྗོད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཐབས་ལམ་དེ་དག་རྒྱ་ནག་གཞུང་གིས་ཉེ་ཆར་ལག་བསྟར་བྱེད་འགོ་བཙུགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གསར་པའི་འོག་བོད་མི་ཚོ་མི་རིགས་མཉམ་བསྲེས་དང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རྩ་མེད་གཏོང་ཆེད་བེད་སྤྱོད་བཏང་བའི་སྦག་ཅིག་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་རྒྱུའི་འབད་བརྩོན་བྱེད་བཞིན་པའི་སྐབས་སུ་བོད་མི་ཚོས་བཙུགས་པའི་དགོན་སྡེ་དང་སློབ་གྲྭ་ཁག་སྒོ་བརྒྱབ་རྒྱུའི་ཐབས་ཤེས་མུ་མཐུད་བྱེད་བཞིན་པར་སྐྱོན་བརྗོད་གནང་གི་འདུག
“རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ནི་རྒྱ་ནག་དང་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པ་ངོས་འཛིན་དང་ཡིད་ཆེས་བྱེད་དགོས་པའི་དུས་ལ་བབ་འདུག བོད་ཀྱི་ཆོས་དང་རིག་གཞུང་གཏོར་བརླག་གཏོང་བ་དེས་རྒྱ་ནག་དང་འཛམ་གླིང་གཉིས་ཀར་མཇུག་འབྲས་ངན་པ་ཞིག་ཡོང་ངེས་རེད་” ཅེས་ལེགས་བཤད་ལགས་ཀྱིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་ “འགལ་འཛོལ་” བྱེད་པའི་བྱ་སྤྱོད་དེས་རང་ཉིད་འཛམ་གླིང་གི་འགོ་ཁྲིད་ཅིག་ཏུ་འགྱུར་རྒྱུའི་དམིགས་ཡུལ་ལ་གནོད་སྐྱོན་གཏོང་རྒྱུ་རེད་ཅེས་མུ་མཐུད་གསུངས་བྱུང་།
རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་བོད་ནང་གི་དམ་དྲག་དེ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལུགས་དང་འབྲེལ་བ་ཡོད་པ་གསུངས་པ།
ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ (USCIRF) ཀྱིས་ད་རེས་བོད་ནང་གི་དགོན་པ་བཤིག་གཏོར་གྱི་གནས་ཚུལ་དེས་བོད་ཀྱི་ནང་པའི་ཤུལ་བཞག་རིག་གནས་ལ་གཏོར་བརླག་གཏོང་བའི་འབད་བརྩོན་གཞི་རྒྱ་ཆེ་བ་ཞིག་མཚོན་གྱི་ཡོད་པ་བརྗོད་བྱུང་།

དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་ཤིག་གནང་བའི་ནང་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་སིཕ་མ་ཧ་མུཌ་ (Asif Mahmood) ལགས་ཀྱིས་བོད་ཀྱི་དགོན་སྡེ་ཁག་གཏོར་བརླག་གཏོང་རྒྱུ་དེ་ནི་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་དང་རྒྱ་ནག་དབང་འཛིན་པས་བོད་མི་ཚོར་བོད་ཀྱི་ནང་ཆོས་དང་ཁ་བྲལ་གཏོང་ཐབས་བྱེད་པའི་ཐབས་ཇུས་ཀྱི་ཆ་ཤས་ཞིག་ཡིན་ཞིང་། དེའི་ནང་ཕྱི་ཟླ་ ༧ པ་ནས་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་དྲག་པོ་དཉ་བརྒྱུད་ནས་གྲངས་ཉུང་མི་རིགས་ལ་བཙན་ཤེད་ཀྱིས་མཉམ་བསྲེས་བྱེད་པ་དེ་ཡང་ཚུད་ཡོད་ཅེས་གསུངས་བྱུང་།
ཨ་སིཕ་མ་ཧ་མུཌ་ལགས་ཀྱིས་ད་དུང་། རྒྱ་ནག་གི་ཁྲིམས་ལུགས་ཀྱི་ནང་ལོ་ ༡༨ མན་ཆད་རྣམས་ལ་ཆོས་ལུགས་ཀྱི་སློབ་གསོ་སྤྲོད་མི་ཆོག་པའི་བཀག་སྡོམ་བྱས་ཀྱི་ཡོད་པ་དང་། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་དགེ་འདུན་པ་ཆོས་ཞུགས་བྱེད་མི་གསར་པ་དང་མ་འོངས་པའི་བོད་བརྒྱུད་ནང་བསྟན་གྱི་འགོ་ཁྲིད་ཚོར་རང་དབང་ངང་སྦྱོང་བརྡར་སྤྲོད་རྒྱུར་བཀག་འགོག་འབད་བརྩོན་བྱེད་པའི་ཆ་ཤས་ཤིག་ཡིན་པར་བརྗོད་བྱུང་།
སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་དགོན་པ།
སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་དགོན་པ་ནི་ ༡༧༦༠ ལོར་ཕྱག་བཏབ་པའི་དགེ་ལུགས་དགོན་པ་ཆེ་གྲས་ཤིག་ཡིན་ཞིང་། སེར་ཤུལ་རྫོང་གི་དགོན་པ་ཆེ་ཤོས་དང་། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་ནས་དགོན་པ་ཆེ་གྲས་ཤིག་ཀྱང་ཆགས་ཤིང་། སེར་ཤུལ་དགོན་དུ་མཚན་ཉིད་དང་གསང་སྔགས་ཀྱི་གྲྭ་ཚང་ཡོད་འདུག་ལ། བོད་ནང་མཚོན་ན། ད་ཆ་དགེ་བཤེས་མཚན་གནས་གནང་ཐུབ་མཁན་གྱི་རི་བོ་དགེ་ལྡན་པའི་སློབ་གཉེར་ལྟེ་གནས་གལ་ཆེ་ཞིག་ཀྱང་ཆགས་ཡོད་འདུག དེ་སྔའི་དགེ་འདུན་པའི་ཞལ་གྲངས་ལྟར་ན། དགོན་པ་དེར་དགེ་འདུན་པ་ ༢༠༠༠ ལྷག་བྱུང་མྱོང་ཡོད་འདུག
