ཟླ་ ༡༠ ཚེས་ ༢༦ ཉིན་བོད་ཀྱི་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་ལྷ་སའི་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་མདུན་དུ་བསྡད་ནས་གཅུང་པོའི་གྱོད་དོན་ལ་དྲང་བདེན་ཡོང་ཆེད་རེ་འབོད་གནང་འདུག
མགོན་པོ་སྐྱིད་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འདྲ་པར་དང་། རེ་འབོད་ཡི་གེ་ལག་ཏུ་བཟུང་སྟེ་ཁྲིམས་ཁང་མདུན་གྱི་བསྡད་ཡོད་ཅིང་། དོན་ཚན་གཉིས་བཀོད་པའི་ཡི་གེའི་ནང་རྡོ་རྗེ་བཀྲིས་ཀྱི་ཁྲིམས་རྩོད་པས་གྱོད་གཞིའི་ཡིག་ཆར་ལྟ་བཤེར་བྱེད་བཅུག་དགོས་པ་དང་ཁྲིམས་ཁང་གིས་ནོར་འཁྲུལ་ཡོ་བསྲང་གི་ལས་ཀ་བསྐྱར་དུ་འགོ་བཙུགས་དགོས་ཞེས་དང་། རྡོ་རྗེ་བཀྲིས་ལ་ཉེས་པ་མེད་ཅེས་བྲིས་འདུག
མགོན་པོ་སྐྱིད་ལགས་ཀྱི་ཉེ་འགྲམ་དུ་ཉེན་རྟོག་མོ་ཌ་དང་ཉེན་རྟོག་པ་འཁྲིས་ལ་ཡོད་པ་མཐོང་རྒྱུ་འདུག་ལ། ཁོང་གི་བཟའ་ཟླ་ཆོས་སྐྱོང་ལགས་ཀྱིས་པར་ལེན་བྱས་ཏེ་རེ་འདུན་ཁག་གཉིས་ལ་ཁྲིམས་ལྟར་ལན་འདེབས་བྱས་མེད་པས་ས་གནས་དེར་བསྡད་ཡོད་སྐོར་བརྗོད་ཀྱི་འདུག
མགོན་པོ་སྐྱིད་ལགས་ཀྱི་བཟའ་ཟླ་ཆོས་སྐྱོང་ལགས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བཞིན་ལག་བསྟར་བྱེད་དགོས་ཡོད་རུང་། རྩ་ཁྲིམས་བཞིན་སྐྱོད་ཀྱི་མེད་པ་དང་། མགོན་པོ་སྐྱིད་ལགས་སུ་ཉེས་རྡུང་བཏང་ནས་ལུས་པོ་ཡོངས་རྫོགས་རྨ་ཁ་བཟོས་ཡོད་པ་བརྗོད་ཀྱི་འདུག

དེ་བཞིན་པར་ལེན་བྱས་པའི་སྐབས་དེར་ཉེན་རྟོག་པས་པར་ལེན་བྱེད་མི་ཆོག་ཅེས་བརྗོད་པའི་སྐབས་ཁོང་གིས་བརྙན་པར་ལེན་ཆོག་གི་རེད། རྩ་ཁྲིམས་བཞིན་ལག་ལེན་བསྟར་གྱི་མི་འདུག གལ་སྲིད་རྩ་ཁྲིམས་བཞིན་ལག་བསྟར་བྱས་ན། པར་ལེན་དགོས་དོན་མེད་པ་དང་། སྨན་ཁང་ནང་གི་སྨན་པ་ཚང་མ་ཉོས་ཡོད་པ་མ་ཟད། མཐའ་སྐོར་ཚང་མ་རྗེས་འདེད་གཏོང་མཁན་རེད་འདུག་ལ། ད་རིང་ཟླ་ ༡༠ ཚེས་ ༢༦ ཡིན་པ་དང་། ཡང་འཛིན་བཟུང་བྱ་རྒྱུའི་གྲ་སྒྲིག་གིས་ད་ལྟ་ཉེན་རྟོག་པའི་མོ་ཌས་བསྐོར་ནས་འདུག་ཅེས་བརྙན་ནང་བརྗོད་འདུག
རྡོ་རྗེ་བཀྲ་ཤིས་ལགས་ནི་ལྷ་སའི་གཡག་མགྲོན་ཁང་ཚུད་པའི་མགྲོན་ཁང་དང་དེ་མིན་ཚོང་ལས་གཉེར་མཁན་གྱི་བོད་པའི་ཚོང་པ་གྲགས་ཅན་ཞིག་ཡིན་ཞིང་། ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་བྱུང་རྗེས། ལོ་དེའི་ཟླ་ ༧ པར་ཁོང་འཛིན་བཟུང་བྱས་པ་དང་། ༢༠༡༠ ལོར་ལྷ་སའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དངུལ་བུན་གཡོ་ལེན་ཟེར་བའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་བཅད་བཏང་ཡོད། འོན་ཀྱང་ཁོང་དང་ཁོང་གི་ནང་མི། ཁྲིམས་རྩོད་པ་བཅས་ཀྱིས་ཉེས་བཙུགས་དེར་ཁས་ལེན་བྱས་མེད།
མགོན་པོ་སྐྱིད་ལགས་དང་ནང་མི་ཚོས་ལོ་མང་རིང་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གྱོད་དོན་ལ་བསྐྱར་ཞིབ་དགོས་པ་དང་། རང་ཉིད་ཀྱི་གཅུང་པོ་ཐུག་འཕྲད་ཀྱི་གོ་སྐབས་སྤྲོད་དགོས་པའི་རེ་འབོད་ཐེངས་མང་བྱས་ཡོད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
