བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་དང་འགན་འཛིན་གཞོན་པ་ཟུར་པ་ཝང་ཅུན་ལ། ལྐོག་རྔན་བླངས་པའི་དོགས་གཞིའི་འོག་ཁྲིམས་གཏུག་བྱས་ཡོད་སྐོར་རྒྱ་ནག་གི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གནས་ཚུལ་ལ་གཞི་བཅོལ་བའི་ཟླ་ ༡༡ ཚེས་ ༡༦ ཉིན་གྱི་གཞུང་འབྲེལ་གསར་འགྱུར་ནང་བཀོད་འདུག
དེ་ཡང་ཝང་ཅུན་གྱིས་ལྐོག་རྔན་ལེན་པའི་དོགས་གཞིའི་འོག་རྒྱ་ནག་གི་རྒྱལ་ཁབ་ལྟ་ཞིབ་ལྷན་ཁང་གིས་བརྟག་དཔྱད་ཚར་པའི་རྗེས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲོད་བྱས་ཡོད་ཅིང་། རྒྱ་ནག་གི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལུགས་ལྟར་ཝང་ཅུན་འཛིན་བཟུང་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་མ་ཟད། ད་དུང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཧེ་པེ་ཞིང་ཆེན་ཀྲང་ཅཱ་ཁོའུ་གྲོང་ཁྱེར་གྱི་མི་དམངས་ཞིབ་དཔྱོད་ཁང་ལ་གྱོད་གཞི་འདི་ཞིབ་བཤེར་ཞུ་གཏུག་དགོས་པ་བརྗོད་པ་དང་། ཡང་ཀྲང་ཅཱ་ཁོའུ་གྲོང་ཁྱེར་གྱི་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞི་དེ་ཀྲང་ཅཱ་ཁོའུ་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་རྩིས་སྤྲོད་བྱས་འདུག ཧེ་པེ་ཞིང་ཆེན་ཀྲང་ཅཱ་ཁོའུ་གྲོང་ཁྱེར་གྱི་ཞིབ་དཔྱོད་ཁང་ནས། ཝང་ཅུན་གྱིས་མངའ་རིས་ས་ཁུལ་གྱི་འགོ་ཁྲིད་གཞོན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་ལས་ཁུངས་ཀྱི་འགོ་ཁྲིད་སོགས་ཀྱི་ལས་འགན་འཁུར་སྐབས། ལས་གནས་དང་དབང་ཆ་བེད་སྤྱད་དེ་གཞན་ལ་ཁེ་ཕན་བསྐྲུན་པ་དང་། དེའི་ཚབ་ཏུ་རྒྱུ་ནོར་འབོར་ཆེན་བླངས་ཡོད་པའི་ཉེས་འཛུགས་བྱས་འདུག འོན་ཀྱང་གནས་ཚུལ་དེའི་ནང་དངུལ་འབོར་དང་འབྲེལ་ཡོད་ཁེ་ལས་ཀྱི་མིང་ཁ་གསལ་བཏོན་མི་འདུག
གཏེར་ཁ་དང་ས་ཆའི་འབྲེལ་བ།
ཝང་ཅུན་གྱི་གྱོད་གཞི་འདིའི་ནང་ཐོན་ཁུངས་གསར་སྤེལ་དང་ལྐོག་ཟའི་འབྲེལ་བའི་སྐོར་ལ་རྒྱ་ནག་དབུས་སྒྲིག་ཁྲིམས་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ལྷན་ཁང་གི་བརྡ་ཁྱབ་ནང་ཁོ་མོས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་འཛུགས་སྐྲུན་གྱི་ས་ཆ་ཐོབ་པའི་ཐད་གཞན་ལ་ཁེ་ཕན་བསྐྲུན་ནས་ལྐོག་རྔན་བླངས་ཡོད་ཅེས་བཀོད་འདུག་ལ། དེའི་ནང་ཁོ་མོས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གཏེར་ཁ་གསར་སྤེལ་སྐོར་གྱི་དབུས་ཀྱི་བླང་བྱ་ལས་འགལ་ཡོད་པའང་བཤད་འདུག འོན་ཀྱང་གཏེར་ཁ་གང་དང་ས་ཆ་གང་ཞིག་ཡིན་པ། ཡུལ་མིར་གནོད་འཚེ་གང་བྱུང་བ་བཅས་བརྡ་ཁྱབ་དེའི་ནང་གསལ་སྟོན་གང་ཡང་བྱས་མི་འདུག
བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ལས་ཁུངས་ཀྱི་སྔར་གྱི་ལས་འགན་བགོ་བཤའི་ཡིག་ཆ་ནང་ཝང་ཅུན་གྱིས་ས་གཤིས་རྩད་ཞིབ་དང་། གཏེར་ཁ་གསར་སྤེལ། དངུལ་རྩིས་དོ་དམ་བཅས་ལ་འགན་འཁུར་བ་དང་། ས་ཆ་དང་གཏེར་ཁའི་བདག་དབང་ཉོ་ཚོང་གི་ལས་ཁུངས་ཀྱང་ཁོ་མོའི་ལས་འགན་ཁོངས་སུ་ཡོད་པ་བཀོད་འདུག དེས་ཁོ་མོའི་ལས་གནས་དང་ཐོན་ཁུངས་བགོ་འགྲེམས་ཀྱི་དབང་ཆ་གཉིས་ཐད་ཀར་འབྲེལ་ཡོད་པ་མཚོན་གྱི་ཡོད།
ཡང་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༤ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ལྷན་ཁང་གི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བའི་ནང་ཝང་ཅུན་ལ་སྒྲིག་འགལ་དང་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས། སྒྲིག་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་ཡོད་པ་ཁྱབ་བསྒྲགས་བྱས་འདུག
ཝང་ཅུན་ནི་ ༡༩༦༤ ལོར་རྒྱ་ནག་གི་ཀན་སུ་ཞིང་ཆེན་ནང་སྐྱེས་ཤིང་། ༡༩༨༢ ལོའི་ཟླ་ ༥ པར་མངའ་རིས་ས་ཁུལ་གྱི་ལས་ཁུངས་སུ་ལས་ཀ་བྱེད་འགོ་བཙུགས་པ་དང་། དེ་སྔ་མངའ་རིས་ས་གནས་ཀྱི་འགན་འཛིན་གཞོན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་ལས་ཁུངས་ཀྱི་དམར་ཤོག་དྲུང་ཆེ་གཞོན་པ་དང་འགན་འཛིན་བྱས་ཡོད་འདུག་ལ།བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ལྷན་ཁང་གི་དམར་ཤོག་དྲུང་ཆེན་གཞོན་པ་སོགས་ཀྱི་ལས་འགན་ཁུར་མྱོང་ཡོད་འདུག

ལས་གཞི་དང་ཁོར་ཡུག་གི་ཆོག་མཆན་ལ་ལྐོག་རྔན།
བོད་ནང་གསར་སྤེལ་ལས་གཞི་དང་ལྐོག་ཟའི་འབྲེལ་བ་དེ་ཝང་ཅུན་གྱི་གྱོད་གཞི་གཅིག་པུའི་ནང་ཐོན་པ་ཞིག་མིན་པར་ཕྱི་ལོ་ ༢༠༢༤ ཟླ་དང་པོའི་ནང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གཟོ་འཛིན་གཞོན་པ་ཟུར་པ་ཀྲང་ཡུང་ཙེ་ལ་ལྐོག་རྔན་བླངས་པའི་ཉེས་པར་ལོ་ ༡༤ ཡི་ཁྲིམས་བཅད་བྱས་ཡོད་ཅིང་། ཁོ་པས་ཕྱི་ལོ་ ༢༠༠༣ ནས་ ༢༠༢༡ བར་གྱི་ལས་གནས་ཁག་བེད་སྤྱད་ནས་ལས་གཞི་འགན་ལེན་དང་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཀྱི་དཔྱད་ཞིབ་ཆོག་མཆན། ལས་གནས་སྤོ་སྒྱུར་བཅས་ཀྱི་ཐད་གཞན་ལ་རོགས་རམ་བྱས་ཏེ་རྒྱ་སྒོར་ཁྲི་ ༥༡༨༡ ལྷག་གི་ལྐོག་རྔན་བླངས་ཡོད་སྐོར་ཁྲིམས་ཁང་གིས་ངོས་འཛིན་བྱས་ཡོད་འདུག འདིས་ཁོར་ཡུག་ལྟ་རྟོག་གི་ཆོག་མཆན་ཀྱང་ལྐོག་རྔན་གྱི་ཉོ་ཚོང་ནང་ཚུད་ཡོད་པ་མཚོན་གྱི་ཡོད།
དེ་བཞིན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཝུའུ་དབྱིང་ཅེ་ལ་ཕྱི་ལོ་ ༢༠༢༥ ཟླ་ ༧ པར་ལྐོག་རྔན་གྱི་ཉེས་བཙུགས་འོག་ལོ་གཉིས་ནར་འགྱངས་ཀྱི་སྲོག་ཁྲིམས་ཐག་གཅོད་བྱས་ཡོད་ལ། ཁྲིམས་ཁང་གིས་ཁོ་པས་ལས་གཞི་འགན་ལེན་དང་ཁེ་ལས་གཉེར་སྐྱོང་སོགས་ཀྱི་ཐད་གཞན་ལ་ཁེ་ཕན་བསྐྲུན་ནས་རྒྱ་སྒོར་དུང་ཕྱུར་ ༣.༤༣ ལྷག་གི་ལྐོག་རྔན་བླངས་ཡོད་པ་བརྗོད་ཡོད།
གྱོད་གཞི་མང་དུ་ཕྱིན་པས་གང་མཚོན་གྱི་ཡོད།
བོད་རང་སྐྱོང་ལྗོངས་གཞུང་གི་ཕྱི་ལོ་ ༢༠༢༥ ལོའི་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་སྐོར་གྱི་གནས་ཚུལ་སྤེལ་བའི་ནང་གྱོད་གཞི་ཐོ་འགོད་བྱས་པ་ ༢༢༠༠ ལྷག་དང་། མི་ ༢༣༠༠ ལྷག་ལ་ཉེས་ཆད་བཏང་ཡོད་པ་བཀོད་འདུག ཡང་ལྗོངས་རིམ་པས་དོ་དམ་བྱེད་པའི་ལས་བྱེད་ ༣༠ ལྷག་ལ་གྱོད་གཞི་ཐོ་འགོད་བྱས་པ་དེ་ལོ་སྔོན་མ་ལས་བརྒྱ་ཆ་ ༦༣.༢ འཕར་ཡོད་ཅེས་བརྗོད་འདུག་ལ། དེའི་ནང་ལས་གཞིའི་འགྲན་བསྡུར་འོས་སྐུལ་དང་འགན་གཙང་སྤྲོད་པའི་བརྒྱུད་རིམ་ནི་ལྐོག་ཟ་བྱུང་སླ་བའི་གནད་འགག་ཅིག་ཡིན་པར་བརྗོད་འདུག
ཆུ་མཛོད་གློག་ཁང་དང་ལས་གཞི་ཆེན་པོའི་ཉེན་ཁ།
བོད་ནང་གཏེར་ཁ་དང་ཆུ་གློག་ལས་གཞི་ཆེན་པོ་དེ་ཚོར་ས་ཆ་སྤྱོད་དབང་དང་། ཆོག་མཆན། ཁོར་ཡུག་དཔྱད་ཞིབ། འགྲན་སྡུར་འོས་སྐུལ། གནས་སྤོའི་གུན་གསབ་བཅས་ཀྱི་གོ་རིམ་མང་པོ་བརྒྱུད་དགོས་ཡོད་ཅིང་། གོ་རིམ་འདི་དག་གི་གྲོས་ཐག་སུས་གཅོད་ཀྱི་ཡོད་པ་དང་། ཕྱི་ནས་ལྟ་རྟོག་བྱེད་ཐུབ་མིན་ནི་ལྐོག་ཟའི་གནད་དོན་ལ་བརྟག་དཔྱད་བྱེད་པའི་གཙོ་གནད་ཅིག་ཆགས་ཡོད།
དཔེར་ན། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གཞི་ཆེན་པོ་དེ་ཕྱི་ལོ་ ༢༠༢༥ ཟླ་ ༧ པར་འགོ་བཙུགས་ཡོད། གཞུང་ཕྱོགས་ཀྱི་གྲངས་ཐོ་ལྟར་ན། གློག་ཁང་ལྔ་འཛུགས་རྒྱུ་དང་མ་འཇོག་དུང་ཕྱུར་ ༡༢༠༠༠ ཙམ་ཡིན་ཞིང་། འདིས་ལས་གཞིའི་དངུལ་འབོར་དང་ལྟ་རྟོག་གི་གལ་གནད་མཚོན་གྱི་ཡོད།
བདེ་འཇགས་སྲིད་ཇུས་དང་སྤྱི་ཚོགས་ཀྱི་ལྟ་རྟོག་གི་འབྲེལ་བ།
རྒྱ་ནག་གཞུང་གིས་བོད་ནང་བརྟན་ལྷིང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྲ་བརྟན་ཟེར་བ་བཅས་ལས་དོན་གྱི་གཙོ་བོ་བཞིར་འཇོག་གི་ཡོད། ཕྱི་ལོ་ ༢༠༢༥ ལོའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་ཐོའི་ནང་། ཁ་བྲལ་དང་འཛུལ་འདྲེས་ལ་ངོ་རྒོལ་གྱི་དྲག་གནོན་མུ་མཐུད་བྱེད་རྒྱུ་དང་། དྲ་རྒྱའི་དོ་དམ་སོགས་ཤུགས་ཆེར་གཏོང་རྒྱུ་ཞེས་བཀོད་ཡོད།
དོ་དམ་འདི་འདྲའི་འོག་ཏུ་ས་གནས་བོད་མིས་གསར་སྤེལ་ལས་གཞིའི་གནོད་འཚེའི་སྐོར་སྐད་ཆ་བཤད་ཐུབ་མིན་ནི་གནད་འགག་ཅིག་ཡིན་ཞིང་། ཕྱི་ལོ་ ༢༠༢༤ ལོར་སྡེ་དགེའི་འབྲི་ཆུའི་ཆུ་གློག་ལས་གཞིར་ངོ་རྒོལ་བྱས་པའི་བོད་མི་དང་དགེ་འདུན་པ་མང་པོ་འཛིན་བཟུང་བྱས་པའི་སྐོར་གྱི་གནས་ཚུལ་ཡང་བྱུང་ཡོད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
འབྲེལ་ཡོད་གནས་ཚུལ།
བོད་ནང་ལྐོག་ཟ་རུལ་སུངས་དང་དེའི་རྒྱབ་ཀྱི་དབང་ཆ་དང་ཁེ་ཕན།
