ཕྱི་ཟླ་ ༦ ཚེས་ ༥ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཙོ་འཛིན་ཟུར་པ་ཆེ་དགྲ་ལྷས་གོ་གནས་དང་དབང་ཆ་བེད་སྤྱོད་ཀྱིས་ལྐོག་ཟ་བྱས་པའི་ནག་ཉེས་འོག་ཚེ་བཙོན་དང་ཚེ་གང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་དང་། དེ་ནི་ཉེ་བའི་དུས་ཚོད་ནང་སྲིད་དོན་བཙོན་པ་ཕུད་པའི་བོད་ནང་གི་བོད་པའི་དཔོན་རིགས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་ཐོག་མ་འདི་ཆགས་ཡོད་འདུག
དེ་ཡང་རང་ལོ་ ༦༧ ལ་སོན་པའི་བོད་པའི་དཔོན་རིགས་ཟུར་པ་ཆེ་དགྲ་ལྷས་ཕྱི་ལོ་ ༡༩༩༩ ནས་ ༢༠༢༥ བར་ཡུན་ནན་དང་བོད་རང་སྐྱོང་ལྗོངས། དེ་བཞིན་པེ་ཅིང་བཅས་སུ་གོ་གནས་རིམ་པ་བཟུང་བའི་རིང་། ཨ་སྒོར་ས་ཡ་ ༢༣ ལྷག་ཙམ་གྱི་རྒྱུ་ནོར་ཁྲིམས་འགལ་གྱིས་བླངས་ཡོད་པའི་ཉེས་པ་བཙུགས་ཏེ་རྒྱ་ནག་ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཐག་གཅོད་བྱས་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཆེ་དགྲ་ལྷར་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་བྱེད་པའི་གནད་དོན་འདི་གནད་དོན་ངོ་མ་ཡིན་པའི་ཐོག་ནས་ཁྲིམས་ཐག་བཅད་པ་ཞིག་ཡིན་ན་རྒྱ་ནག་གཞུང་གིས་བོད་ནང་བཏང་པའི་དཔོན་རིགས་མཐོ་གྲས་མང་པོ་ཞིག་གིས་ལྐོག་ཟ་རུལ་སུངས་བྱས་པའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་ངང་ཐོན་ཡོང་གི་ཡོད་དུས་བོད་ནང་དཔོན་རིགས་སྤུས་དག་ཅིག་བཏང་ཐུབ་ཀྱི་མེད་པ་དང་། ཡང་ན་བཏང་གི་མེད་པ་དེ་ཚོས་བོད་མིའི་བདེ་དོན་ལ་ཕྱག་ལས་གནང་གི་མེད་པ་དེ་གསལ་པོ་ཆགས་ཡོད། དེའི་སྔོན་ལ་ཝུ་དབྱིང་ཇེ་དང་དེ་མིན་དཔོན་རིགས་བྱུང་ཡོད། ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་གིས་ད་ལྟ་ཁྲིམས་ཐག་བཅད་སྟངས་འདི་གསང་བའི་ཐོག་ནས་ཡིན་དུས། དངོས་ཡོད་གནས་ཚུལ་ངོ་མ་གང་ཡིན་ང་ཚོས་གསལ་པོ་ཞུ་ཐུབ་ཀྱི་མ་རེད། གཅིག་བྱས་ན་ཆབ་སྲིད་ཀྱི་སྒྲོ་བཏགས་ཡོད་སྲིད་པ་རེད། ཆབ་སྲིད་ཀྱི་སྒྲོ་བཏགས་ཡོད་ན། དེའི་རྒྱབ་ལྗོངས་གང་ཡིན་པ་དེ་ཡང་མ་འོངས་པའི་དུས་ཚོད་ནང་གནས་ཚུལ་ཐོན་ན་ཧ་གོ་མདོག་ཁ་པོ་རེད། ཆེ་དགྲ་ལྷ་ཁོང་བོད་རིགས་ཤིག་དང་། དེ་སྔ་རྒྱལ་ཐང་ལ་ཕྱག་ལས་གནང་བའི་སྐབས་དེར་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཕར་རྒྱལ་ཐང་ལ་ཕེབས་པའི་སྐབས་ལ་ཁོང་མཇལ་མྱོང་མཁན་ཞིག་དང་། ཁོང་གང་ཟག་གང་འདྲ་ཡིན་མིན་ཅུད་ཟད་ཤེས་ཐུབ་མཁན་ཡིན་དུས། ཆབ་སྲིད་གྱི་གོ་བོ་བཏང་གི་ཡོད་ན། དེ་བས་ཀྱང་བོད་མིའི་གནད་དོན་ཐོག་ལ་རྒྱ་ནག་གཞུང་གི་བྱ་སྤྱོད་འདི་ལ་ང་ཚོས་ཡིད་ཟབ་བྱེད་དགོས་པ་ཞིག་ཆགས་ཡོད་ཅེས་གསུངས་བྱུང་།

བོད་ནང་གི་བོད་མིའི་བསམ་ཚུལ།
ཆེ་དགྲ་ལྷས་རྒྱུན་ལྡན་ནས་སྤྱི་མང་ཁྲོད་དུ་བོད་མི་ཚོར་ཕན་པའི་གཞུང་ལམ་འཛུགས་སྐྲུན་དང་གློག་གྱི་མཐུན་རྐྱེན་བསྐྲུན་རྒྱུའི་མཚོན་བྱ་གཞག་ཁག་མང་དག་ཅིག་སྒྲུབ་རྒྱུར་འབད་པ་གནང་མཁན་ཞིག་ཡིན་པ་དཔེར་ན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་ནང་ལྟ་སྐོར་ལ་འབྱོར་སྐབས། ལྷ་སའི་ཉེ་འདབས་སུ་ཞི་ཅིན་ཕིང་གི་བསྐྱོད་སའི་གཞུང་ལམ་འཁེལ་སའི་ས་ཚིགས་སུ་འཕྲལ་སེལ་གྱི་ཕྱི་ནས་མཛེས་སྡུག་ལྡན་པའི་ཁང་པ་འཛུགས་སྐྲུན་བྱས་པ་རྣམས་ཡུན་གནས་ཐུབ་པའི་འཛུགས་སྐྲུན་བྱེད་པ་སོགས་ལས་དོན་ཡག་པོ་གྲུབ་ཡོད་པ་བརྗོད་དེ་བོད་མི་མང་པོས་ཁོང་ལ་དགའ་མོས་བྱེད་ཀྱི་ཡོད་པའི་སྐོར་བོད་ནང་གི་ས་གནས་དཔོན་རིགས་ཁག་ངོ་ཤེས་ཡོད་པའི་མི་སྣ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་ལ། ཁོང་ལ་ཉེས་འཛུགས་བྱེད་པའི་སྐབས་སྲོག་ཐོག་ཚུན་གྱི་ཉེས་ཆད་ལྕི་བོ་འགེལ་སྲིད་པའི་སེམས་འཚབ་ཡོད་པ་བརྗོད་མཁན་བྱུང་སོང་ཞེས་དང་། ཆེ་དགྲ་ལྷར་སྲོག་ཐོག་མ་བཏང་ནའང་ཚེ་བཙོན་བཟོ་རྒྱུ་རེད་ཅེས་སྔ་ལོ་ནས་ཚོད་དཔག་བྱེད་མཁན་ཡོད་པ་ངོ་སྤྲོད་གནང་བྱུང་།
གྱོད་གཞིའི་རྒྱབ་ལྗོངས།
ཕྱི་ལོ་ ༢༠༢༥ ཟླ་ ༡ པོའི་ནང་ཆེ་དགྲ་ལྷར་ཞིབ་བཤེར་བྱེད་བཞིན་པ་ཡོངས་བསྒྲགས་བྱས་ཤིང་། དེ་རྗེས་ཟླ་བ་དྲུག་གི་རྗེས་སུ་གཞུང་གི་གོ་གནས་ནས་ཕྱིར་འབུད་དང་དམར་ཤོག་ཚོགས་པ་ནས་ཕྱིར་ཕུད་བཏང་ཡོད། ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་། དེ་ནས་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གྱི་ལས་འགན་ཁུར་ཡོད་པས། བོད་རང་སྐྱོང་ལྗོངས་ནང་གོ་གནས་མཐོ་ཤོས་གཉིས་པ་དེ་ཆགས་ཡོད་ཅེས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ཚན་པས་བརྗོད་འདུག
ནག་ཉེས་དང་བྱེད་ལས།
ཁྲིམས་ཁང་གིས་བརྗོད་པར། ཆེ་དགྲ་ལྷས་རང་གི་གོ་གནས་དང་དབང་ཆ་བེད་སྤྱད་དེ་ས་ཆ་དང་སྡོད་ཁང་གསར་སྤེལ། ལས་གྲྭ་འགན་གཙང་སྤྲོད་པ། སྲིད་འཛིན་ཞིབ་མཆན་འགོད་པ། དེ་བཞིན་ལས་བྱེད་པའི་གོ་གནས་སྤར་རྒྱུ་སོགས་ཀྱི་ཐོག་འབྲེལ་ཡོད་ཚན་པ་དང་མི་སྒེར་ཁག་ལ་རོགས་རམ་བྱས་པ་དང་། དེའི་ཚབ་ཏུ་རྒྱུ་ནོར་དང་རིན་ཐང་ཅན་གྱི་དངོས་པོ་འབོར་ཆེན་ལེན་བཞིན་ཡོད་པ་རེད་ཅེས་དང་། ཁྲིམས་ཁང་གིས་ཆེ་དགྲ་ལྷའི་བྱ་སྤྱོད་འདིས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་བསམ་ཡུལ་ལས་འདས་པ་བཟོས་ཡོད་ཟེར་ཉེས་འཛུགས་བྱས་ནས། ཚེ་བཙོན་དང་ཚེ་གང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རྒྱུ་དང་། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་འདུག
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཆེ་དགྲ་ལྷས་ཁྲིམས་རྭར་རང་ཉིད་ཀྱི་ཉེས་པ་ངོས་ལེན་དང་འགྱོད་བཤགས་བྱས་པ་མ་ཟད། མི་གཞན་གྱི་ཉེས་གསོག་བྱ་སྤྱོད་ཚབས་ཆེན་ཐེར་འདོན་བྱས་པ་དེ་ར་འཕྲོད་བྱུང་ནས་ཁྲིམས་ཁང་གིས་ཁོ་པར་ཁྲིམས་ལྟར་ཉེས་ཆད་ཡང་དུ་བཏང་ཡོད་པ་རེད་ཅེས་དང་། ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༧ ཉིན་ཁྲིམས་རྭ་ཚོགས་སྐབས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཚོགས་མི་སོགས་མི་སུམ་ཅུ་ལྷག་གིས་ཟུར་ཉན་བྱས་ཡོད་པ་བརྗོད་འདུག

ཆབ་སྲིད་ཀྱི་རྒྱབ་ལྗོངས།
༢༠༡༢ ལོར་ཞི་ཅིན་ཕིང་གིས་དབང་ཆ་བཟུང་པ་ནས་བཟུང་། རྒྱ་ནག་གཞུང་གིས་བོད་ནང་སྟངས་འཛིན་ཤུགས་ཆེ་རུ་བཏང་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་བཙན་བྱོལ་བོད་མི་ཚོས་རྒྱ་ནག་གིས་བོད་ནང་ལོ་ངོ་བཅུ་ཕྲག་རིང་དབང་བསྒྱུར་བྱས་པ་དེར་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། པེ་ཅིང་གཞུང་གིས་སྐྱོན་བརྗོད་དེ་དག་ལ་རྩ་བ་ནས་ངོས་ལེན་བྱེད་ཀྱི་མེད། ཆེ་དགྲ་ལྷའི་གྱོད་གཞི་འདི་ནི་བོད་ཀྱི་ཆེས་མཐོའི་དབང་འཛིན་པའི་ཁྲོད་བོད་རིགས་ཀྱི་དཔོན་རིགས་ཉུང་ཤས་ལས་མེད་པའི་ཁོར་ཡུག་ཅིག་གི་ནང་བྱུང་བ་ཞིག་ཡིན་པ་དང་། རྒྱ་ནག་གིས་འདི་ནི་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་བའི་དཔང་རྟགས་ཤིག་ཡིན་པར་བརྗོད་ཀྱི་ཡོད་ལ། ཆེ་དགྲ་ལྷ་བོད་ལ་ཡོད་དུས་མཉམ་དུ་ལས་ཀ་བྱེད་མཁན་དང་སྐབས་དེ་དུས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་གི་དྲུང་ཆེ་ཝུ་དབྱིང་ཇེ་ལ་ལྐོག་ཟའི་ནག་ཉེས་འོག་ལོ་གཉིས་ཀྱི་རྗེས་སུ་སྲོག་ཐོག་གཏོང་རྒྱུའི་ཁྲིམས་བཅད་བཏང་ཡོད་པ་རེད།།
ཆེ་དགྲ་ལྷ་ནི་བོད་ཀྱི་ཁམས་རྒྱལ་ཐང་དུ་ཕྱི་ལོ་ ༡༩༥༨ ལོ་སྐྱེས་ཤིང་། ལོ་ན་ ༡༠ ཙམ་ནས་སློབ་གྲྭར་འགྲོ་མཚམས་བཞག་སྟེ་ཕྱུག་རྫི་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༧༩ ལོར་ས་གནས་རྒྱ་ནག་དམར་ཤོག་ཚོགས་པའི་གཞོན་ནུ་སྡེ་ཚོགས་ཟེར་བར་ཞུགས་ཏེ། ལོ་ན་ ༢༥ ལ་ཡུལ་དེའི་དམར་ཤོག་གཞོན་ནུ་སྡེ་ཚོགས་ཀྱི་དྲུང་ཆེ་གཞོན་པར་བསྐོས་ཡོད་ལ་། ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འགན་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཙོ་འཛིན་སོགས་ཀྱི་འགན་ཁུར་མྱོང་ཡོད་པ་རེད། ཆེ་དགྲ་ལྷ་ནི་བོད་རིགས་འགོ་ཁྲིད་ཁྲོད་གོ་གནས་མཐོ་ཤོས་གྲས་ཤིག་ཆགས་ཡོད།
ཁ་སྣོན་གསར་འགོད། བཀྲ་དབང་།
པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།
