བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཝུའུ་གཡིང་ཇེ་ལ་རྒྱ་ནག་གཞུང་གིས་ཞིབ་དཔྱོད་བྱེད་བཞིན་འདུག

2024.06.16
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཝུའུ་གཡིང་ཇེ་ལ་རྒྱ་ནག་གཞུང་གིས་ཞིབ་དཔྱོད་བྱེད་བཞིན་འདུག
(AP/Mark Schiefelbein)

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཝུའུ་གཡིང་ཇེ་ཡིས་རྒྱ་ནག་གི་སྒྲིག་ཁྲིམས་སྒྲིག་སྲོལ་དང་ཚབས་ཆེ་འགལ་བའི་ཉེས་མིང་འོག་ཁོ་པར་རྒྱ་ནག་གཞུང་གིས་ཞིབ་དཔྱོད་བྱེད་བཞིན་ཡོད་པ་རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཕྱི་ཟླ་ ༦ ཚེས ༡༦ ཉིན་དྲ་རྒྱའི་ཐོག་གཞུང་འབྲེལ་གསལ་བསྒྲགས་བྱས་འདུག

རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་དྲྭ་རྒྱའི་ཐོག་སྤེལ་བའི་གཞུང་འབྲེལ་གསལ་བསྒྲགས་དེའི་ནང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་རྒྱུན་ལས་དང་། རིག་གནས་ལོ་རྒྱུས་དང་ཤེས་ཡོན་ལས་ཁུངས་ཀྱི་འགན་འཛིན་ཝུའུ་གཡིང་ཇེ་ཡིས་སྒྲིག་ཁྲིམས་སྒྲིག་སྲོལ་དང་ཚབས་ཆེ་འགལ་བའི་རྐྱེན་གྱིས་ད་ལྟའི་ཆར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཞིབ་དཔྱོད་བྱེད་བཞིན་ཡོད་ཅེས་བཀོད་འདུག

ཝུའུ་གཡིང་ཇེ་བོད་རང་སྐྱོང་ལྗོངས་ཟེར་བར་དུས་ཡུན་ཧ་ཅང་རིང་པོ་བསྡད་པ་མ་ཟད། བོད་མིའི་སྤྱི་ཚོགས་ལ་ལོ་མང་རིང་ཆ་རྒྱུས་ཡོད་མཁན་ཞིག་ཡིན། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཝུའུ་གཡིང་ཇེ་ཡིས་ལོ་ ༥ ཙམ་རིང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་པའི་རིང་། བོད་ནང་བཅའ་སྡོད་སློབ་གྲྭ་ཁག་ཏུ་རྒྱ་སྒྱུར་གྱི་སློབ་གསོ་གཞི་རྒྱ་ཆེན་པོས་སྤེལ་ཡོད་པའི་སྐྱོན་བརྗོད་བྱས་ཡོད་ལ། ཕྱི་ལོ་ ༢༠༡༦ ལོར་ཝུའུ་གཡིང་ཇེ་བོད་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་གཞག་བྱུང་བའི་རྗེས་ཀྱི་གཏམ་བཤད་དང་པོའི་སྐབས། ༧གོང་ས་༧ཏཱ་ལའི་བླ་མ་མཆོག་ལ་སྐྱོན་བརྗོད་དང་རྒྱ་ནག་གི་དཔོན་རིགས་ཚོར་ཏཱ་ལའི་བླ་མར་སྐྱོན་བརྗོད་མཐར་ཕྱིན་བྱེད་དགོས་པའི་སློབ་གསོ་བཏང་ནས། ཏཱ་ལའི་༧སྐུ་ཕྲེང་བཅུ་བཞི་པའི་ཆོས་ལུགས་ཀྱི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་གཙང་བཟོ་བྱེད་དགོས་ཞེས་ནན་བརྗོད་བྱས་མྱོང་ཡོད་པ་རེད།

ཝུའུ་གཡིང་ཇེ་ཕྱི་ལོ ༡༩༥༦ ལོའི་ཟླ་ ༡༢ པར་རྒྱ་ནག་ཧྲན་ཏུང་ཞིང་ཆེན་གྱི་ཁྲང་ཡེ་རྫོང་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༧༤ ཟླ་ ༡༠ པའི་ནང་ལས་ཀར་ཞུགས། ཕྱི་ལོ ༡༩༨༧ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཞུགས་ཡོད་པ་དང་། རྒྱ་ནག་དབུས་དམར་ཤོག་ཚོགས་པའི་སློབ་གྲྭའི་ཞིབ་འཇུག་སློབ་མའི་ལག་འཁྱེར་ཐོབ་ཡོད་པ་རེད། ཝུའུ་གཡིང་ཇེ་དུས་ཡུན་རིང་པོར་བོད་ནང་དུ་ལས་ཀ་བྱས་ཡོད་ཅིང་། དེའི་རིང་བོད་རང་སྐྱོང་ལྗོངས་ཟེར་བའི་སློབ་གསོ་ལས་ཁུངས་ཀྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་དང་། སློབ་གསོ་ལས་ཁུངས་ཀྱི་འགན་འཛིན། བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གི་འགོ་ཁྲིད་གཞོན་པ། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་རྒྱུན་ལས་དང་དྲིལ་བསྒྲགས་ལས་ཁུངས་ཀྱི་འགན་འཛིན། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་རྒྱུན་ལས་དང་། དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ། རྒྱུན་ལས་གཙོ་འཛིན་གཞོན་པ་སོགས་ཀྱི་ལས་འགན་ཁུར་མྱོང་ཡོད་པ་རེད། ཕྱི་ལོ་༢༠༡༦ ནས་ ༢༠༢༡ བར་ཝུའུ་གཡིང་ཇེ་ཡིས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་འཛིན་ཡོད་པ་དང། དེ་རྗེས་ཕྱི་ལོ་ ༢༠༢༡ ནས་བཟུང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་སློབ་གསོ་དང་ཚན་རིག་རིག་གནས་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་འཛིན་དང་། སྐབས་བཅུ་བཞི་པའི་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་རིག་གནས་ལོ་རྒྱུས་དང་སློབ་གསོ་ལས་ཁུངས་ཀྱི་འགན་འཛིན་གྱི་ལས་གནས་འཛིན་ཡོད་པ་རེད།།

གསར་འགོད་པ། འཆི་མེད། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་པདྨ། 
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་པདྨ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སློབ་གྲྭའི་སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་གཏོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎