རྒྱ་ནག་གཞུང་གིས་བོད་རིགས་དམར་ཤོག་འགོ་ཁྲིད་ཆེ་དགྲ་ལྷར་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་འོག་ཞིབ་བཤེར་བྱེད་བཞིན་པ།

2025.01.23
རྒྱ་ནག་གཞུང་གིས་བོད་རིགས་དམར་ཤོག་འགོ་ཁྲིད་ཆེ་དགྲ་ལྷར་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་འོག་ཞིབ་བཤེར་བྱེད་བཞིན་པ། བོད་རིགས་དམར་ཤོག་མགོ་ཁྲིད་ཆེ་དགྲ་ལྷ། ཟླ་ཚེས་མི་གསལ།
china state media

* གནས་ཚུལ་ཁ་སྣོན་བྱས་ཡོད།

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢༣ ཉིན། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་དང་། རྒྱ་ནག་རྒྱལ་ཡོངས་གྲོང་གསེབ་དང་ཞིང་ལས་ལྷན་ཁང་གི་འགོ་གཙོ་གཞོན་པའི་འགན་འཁུར་བཞིན་པ་བོད་རིགས་འགོ་ཁྲིད་ཆེ་དགྲ་ལྷར། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ཡོད་སྐོར་བརྗོད་ནས། རྒྱ་ནག་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཞིབ་བཤེར་དང་བརྟག་དཔྱད་བྱེད་བཞིན་ཡོད་སྐོར་བཀོད་འདུག་ལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། ལྐོག་ཟ་རུལ་སྲུངས་ཀྱི་ཉེས་མིང་འོག་བོད་རིགས་འགོ་ཁྲིད་འཛིན་བཟུང་བྱས་པ་དེ་ཧ་ཅང་ཉུང་ཉུང་ཡིན་ཡང་། ད་ཆ་ཞི་ཅིན་ཕིང་གིས་དེ་ལྟར་བྱེད་བཞིན་པ་ནི། བོད་པའི་ལས་བྱེད་ཚོས་ཞི་ཅིན་ཕིང་གི་ཆབ་སྲིད་ལ་ཁ་གཏད་བྱེད་བཞིན་པ། དེ་བཞིན་བོད་པའི་དཔོན་རིགས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་སོགས་རྒྱ་ནག་ཅན་དུ་བསྒྱུར་བཞིན་པ་དེ། ཀྲུང་ཧ་མི་རིགས་ཀྱི་ལྟ་གྲུབ་དེར་མཐུན་འགྱུར་དང་རྒྱབ་སྐྱོར་མེད་པའི་རྣམ་པ་སྟོན་ན་ལྐོག་ཟ་རུལ་སྲུངས་མེད་ནའང་དེ་ལྟར་ཉེས་འཛུགས་ཀྱིས་རྩ་མེད་བཟོ་རྒྱུ་དེ་ནི་ཞི་ཅིན་ཕིང་གི་སྲིད་བྱུས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ། ཐེངས་འདིར་ཁོས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་ཡོད་སྐོར་ལས། སྒྲིག་འགལ་ག་རེ་བྱས་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་བཀོད་མེད་པ་དང་། ཆེ་དགྲ་ལྷ་ནི་བོད་རིགས་འགོ་ཁྲིད་ཁྲོད་ཀྱི་གོ་གནས་མཐོ་ཤོས་འཁུར་མཁན་གྲས་ཤིག་ཡིན་པ་དང་། ཁོས་དེ་སྔ་རྒྱ་ནག་གཞུང་འབྲེལ་གྱི་དྲིལ་བསྒྲགས་དང་བཀོད་ཁྱབ་བཞིན། ཁ་བྲལ་བར་ངོ་རྒོལ་དགོས་པའི་གཏམ་བཤད་སོགས་ཐེངས་མང་སྤེལ་མྱོང་བ་མ་ཟད། རྒྱ་ནག་གིས་བོད་ལ་ཞི་བའི་བཅིངས་གྲོལ་བཏང་བས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་གཏོར་བཏང་བ་དང་། ཕྱི་ལོ་ ༢༠༡༨ ལོར་ཁོས་རྒྱ་ནག་གིས་ངོས་འཛིན་བྱས་པ་པཎ་ཆེན་རྒྱལ་མཚན་ནོར་བུར་ཐུག་འཕྲད་བྱས་ཏེ། ཁ་བྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། འགག་རྩའི་སྐབས་ཐོག་མཐའ་བར་གསུམ་དུ་ཐུགས་རྩ་བརྟན་པོས་ཏང་དང་མི་དམངས་དང་མཉམ་དུ་གནས་ཐུབ་པ་དང་། ཁ་བྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་འཐབ་རྩོད་མཐའ་གཅིག་ཏུ་གནང་དགོས་སྐོར་སོགས་བརྗོད་ཡོད་པ་རེད།

དེ་སྔ་སྤྱི་ལོ་༢༠༠༣་ལོར་སྐབས་དེའི་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་སྣེ་ཁྲིད་པའི་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཚོགས་ཆུང་བོད་ནང་ཕེབས་སྐབས། ཁོང་རྣམ་པས་རྒྱལ་ཐང་ཕྱོགས་སུ་དུས་ཐུང་གི་གཟིགས་སྐོར་གནང་བའི་སྐབས་ཆེ་དགྲ་ལྷ་དང་ཐུག་འཕྲད་གནང་ཡོད་པ་དང་། སྐབས་དེར་ཆེ་དགྲ་ལྷ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འགོ་གཙོ་ཡིན་པ་ལས་བོད་རྒྱ་འབྲེལ་མོལ་བྱེད་མཁན་གྱི་ཁོངས་སུ་མེད་པ་རེད་འདུག

ཆེ་དགྲ་ལྷ་ནི་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང་དུ་ཕྱི་ལོ་ ༡༩༥༨ ལོ་སྐྱེས་ཤིང་། ཁོས་ལོ་ན་ ༡༠ ཙམ་ནས་སློབ་གྲྭར་འགྲོ་མཚམས་བཞག་སྟེ་ཕྱུག་རྫི་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༧༩ ལོར་ས་གནས་རྒྱ་ནག་དམར་ཤོག་ཚོགས་པའི་གུང་གཞོན་ཚོགས་པ་ཟེར་བར་ཞུགས་ཏེ། ལོ་ན་ ༢༥ སྟེང་ཡུལ་དེའི་དམར་ཤོག་གུང་གཞོན་ཚོགས་པའི་དྲུང་ཆེ་གཞོན་པར་བསྐོས་ཡོད་པ་དང་། ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གྱི་འགན་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་དང་། བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོ་སོགས་ཀྱི་འགན་འཁུར་མྱོང་ཡོད་པ་རེད། ཆེ་དགྲ་ལྷ་ནི་བོད་རིགས་མགོ་ཁྲིད་ཁྲོད་གོ་གནས་མཐོ་ཤོས་གྲས་དང་། དེ་སྔ་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོར་བསྡད་ཡོད་པ་རེད་ལ། གོ་གནས་དེ་ནི་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་གོ་གནས་མཐོ་ཤོས་གཉིས་པར་ངོས་འཛིན་བྱེད་སྲོལ་ཡོད་པ་རེད།

Wu Yingjie.JPG
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་བ་ཝུའུ་གཡིང་ཇེ་(Wu Yingjie) པར། AP

ཕྱི་ལོ་༢༠༢༤ ཟླ་༡༢ ཚེས་༡༡ཉིན། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་བ་ཝུའུ་གཡིང་ཇེ་(Wu Yingjie)་ཟེར་བར། ལོ་དེའི་ཕྱི་ཟླ་ ༦་པ་ནས་བཟུང་ཞིབ་བཤེར་བྱས་བ་དང་། ཁོས་ཏང་ལ་དད་སེམས་ཉམས་པ་དང་ཏང་གཤིས་ཀྱི་རྩ་དོན་ཤོར་བ། ཕུགས་བསམ་ཉམས་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་ཆབ་སྲིད་ཁོར་ཡུག་ལ་གཏོར་སྐྱོན་བཟོས་པ་སོགས་ཀྱི་ཉེས་མིང་བཀའ་ཏེ། ཝུའུ་གཡིང་ཇེ་ཏང་གི་སྐྱིད་སྡུག་དང་ལས་གནས་ནས་ཕྱིར་ཕུད་ཀྱི་ཉེས་ཆད་བཅད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། འདས་པའི་ཟླ་ཤས་ནང་བོད་རང་སྐྱོང་ལྗོངས་ནང་མཐོ་རིམ་མགོ་ཁྲིད་ལ་ཞིབ་བཤེར་དང་གོ་གནས་འཕོ་འགྱུར་སོགས་ཀྱི་གནས་ཚུལ་མང་དག་ཅིག་ཕྱིན་སོང་བ་དང་། ལྷག་པར་དུ་ཐེངས་འདིར་ཝུའུ་གཡིང་ཇེ་ཡིས་ཏང་ལ་དད་སེམས་ཉམ་པ་སོགས་ཀྱི་ཉེས་ཆད་རིགས་ཚང་མ། ཞི་ཅིན་ཕིན་གྱི་དམར་ཤོག་ཚོགས་པ་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་ཀྱི་གཙང་བཟོའི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྐབས་དེར་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་བསྒྲགས་པའི་གནས་ཚུལ་ནང་། ཝུའུ་གཡིང་ཇེ་ལ་རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་བརྒྱུད། ཁོས་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲི་སྒྲུབ་ནུས་མི་འདང་བ། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་མཆེད་པར་མཐུན་རྐྱེན་སྐྲུན་པ། ཆབ་སྲིད་ཀྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་བ། རྩ་འཛུགས་ཀྱི་གཏམ་གླེང་དང་ཡིག་སྐུར་འདྲི་རྩད་བྱེད་སྐབས་གནད་དོན་ཇི་མ་ཇི་བཞིན་གསལ་བཤད་མི་བྱེད་པ། སྤྱོད་གཙང་གི་མཐའ་ཚད་ཤོར་བ་དང་། ལག་རྟགས་དང་འབུལ་རྟེན་བླངས་པ། ལས་གནས་ཀྱི་དབང་ཆ་སྤྱད་དེ་གཉེན་ཉེར་དམིགས་བསལ་གྱི་ཁེ་ཕན་དོན་གཉེར་བྱས་ཡོད་པ་སོགས་ཀྱི་ནག་ཉེས་ཡོད་པ་བསྒྲགས་འདུག
ཝུའུ་གཡིང་ཇེ་ནི་རྒྱ་ནག་དམར་ཤོག་ཚོགས་ཆེན་༢༠ རྗེས་སུ་ཞིབ་བཤེར་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་མཐོ་རིམ་འགོ་ཁྲིད་ ༥ པ་དེ་ཆགས་ཡོད་པ་རེད་ལ། ༢༠༢༤་ལོའི་ཕྱི་ཟླ་ ༡ ཚེས་ ༢༩ ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་མགོ་འཁྲིད་གཞོན་པ་ཝང་ཡོང་དང་། ཕྱི་ཟླ་ ༣ པའི་ནང་བོད་རང་སྐྱོང་ལྗོངས་དམངས་ཆེན་གྱི་རྒྱུན་ལས་མགོ་འཁྲིད་གཞོན་པ་ཇི་གོ་ཀང་། ཕྱི་ཟླ་ ༡ ནང་བོད་རང་སྐྱོང་སྲིད་གཞུང་དམར་ཚོགས་ཀྱི་མགོ་འཁྲིད་གཞོན་པ་ཀྲང་ཧོང་ཙི། ཕྱི་ཟླ་ ༦ ཚེས་ ༡༤ ཉིན་བོད་རང་སྐྱོང་ལྗོངས་རྒྱུན་ལས་ལྷན་ཁང་གི་མགོ་འཁྲིད་གཞོན་པ་ཅང་ཅེ་བཅས་སྔ་རྗེས་སུ་གནས་དབྱུང་བཏང་སྟེ་ཞིབ་བཤེར་བྱས་ཡོད་པ་རེད།
ཝུའུ་གཡིང་ཇེ་ཡིས་ཕྱི་ལོ་ ༢༠༡༦ ནས་ཕྱི་ལོ་ ༢༠༢༡ བར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་བཟུང་སྟེ། དུས་ཡུན་དེའི་རིང་དམིགས་བསལ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། བཙན་བྱོལ་བོད་མི་ཚོར་ཁ་བྲལ་འཐབ་རྩོད་དགོས་པའི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་མ་ཟད། ཁོས་ཁ་བྲལ་སློབ་གསོ་དེ་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་ཁྱབ་དགོས་པའི་ལས་འགུལ་འོག་བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་སློབ་ཁྲིད་གཙོ་བོར་འཛིན་པའི་ཐོག་ནས་རྒྱ་སྒྱུར་སློབ་གསོ་ཤུགས་ཆེར་སྤེལ་བ་དང་། བོད་ནང་སྔར་ལས་དྲག་གནོན་དང་དམ་དྲག་སྟངས་འཛིན་ཤུགས་ཆེ་བྱས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་རྡོག་རོལ་ཤུགས་ཆེ་བཏང་སྟབས། ཕྱི་ལོ་ ༢༠༢༢ ལོར་ཨ་རི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེ་བཏང་བའི་ནག་ཉེས་འོག་ཝུའུ་གཡིང་ཇེ་དང་།ལྷ་སའི་ཉེན་རྟོག་སྤྱི་ཁྱབ་ཟུར་པ་ཀྲང་ཧོང་པའོ་ (Zhang Hongbo) ཟེར་བ་གཉིས་ལ། ཨ་རིར་ཡོད་པའི་རྒྱུ་དངོས་ཡོངས་རྫོགས་བཀག་སྡོམ་བྱས་བའི་ཉེས་ཆད་བཀེལ་ཡོད་པ་རེད།


གསར་འགོད་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎